རང་རེའི་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་གསར་འགོད་པ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་མཚོ་སྔོན་ཚད་ཡོད་ཀུང་སིའི་ཡུལ་ཤུལ་ཡན་ལག་ཀུང་སིར་བསྐྱོད་སྐབས་ལས་དོན་མི་སྣས་དྲ་རྒྱ་བརྒྱུད་བརྙན་ལེན་འཕྲུལ་ཆས་IPཡི་སར་ཐོ་འགོད་བྱས་ནས་རྨ་ཆུའི་ཆུ་འགོ་དང་འབྲི་ཆུའི་ཆུ་འགོར་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།པར་རིས་ཆ་ཚང་དང་གསལ་ཞིང་གསལ་བའི་པར་རིས་དེ་དག་སྤུས་ཚད་མཐོ་བ་དང་དུས་ནུས་མཐོ་བའི་དྲ་རྒྱའི་ལྟ་ཞིབ་ཚད་ལེན་དེ་ལྟ་བུ་ནི་ཀྲུང་གོའི་སྒུལ་བདེའི་རྨ་ཆུའི་ཆུ་འགོ་དང་འབྲི་ཆུའི་ཆུ་འགོའི་5Gསྦྲེལ་ཚུགས་དང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྱི་འཛུགས་སྐྲུན་ལས་དོན་ལས་བྱུང་བ་ཞིག་རེད།
“‘དངོས་སྒྲུབ་ལག་སྒྲུབ་དང་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་དགོས’ཞེས་པ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་འདུ་ཤེས་ཤིག་རེད།ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཁེ་ལས་ཀྱིས‘འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ’ཀྱི་ཚོགས་འདུའི་དགོངས་དོན་དེ་ལས་ཀའི་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ་ས་བབ་མཐོ་བའི་ས་ཁུལ་གྱི་5Gདྲ་རྒྱ་དང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ལས་དོན་གྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཚན་རྩལ་མཐོ་བའི་མཚོན་ཆ་གཏོད་རྒྱུར་གཞོལ་བ་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་གཙང་གསུམ་ཆུ་འགོའི་ས་ཁུལ་ཅེས་ཀྲུང་གོ་སྒུལ་བདེ་ཡུལ་ཤུལ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རུའུ་ཀྲི་ཡེ་ཡིས་བཤད།
2022ལོར་ཡུལ་ཤུལ་གྱི་སྣོད་བཅུད་ཁོར་ཡུག་གི་དམིགས་བསལ་རང་བཞིན་དང་།སྣོད་བཅུད་གནས་བབ་ཀྱི་གལ་ཆེའི་རང་བཞིན།སྣོད་བཅུད་མ་ལག་སྣ་མང་རང་བཞིན་བཅས་ལ་དམིགས་ནས་གཙོ་གནད་སྣོད་བཅུད་སྲུང་སྐྱོང་ས་ཁོངས་དང་།རང་བྱུང་མཛེས་ལྗོངས།རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཡུལ་ཤུལ་ཁུལ་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་དྲ་རྒྱའི་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་གི“ཆུ་འགོའི་སྐར་ཁུང”བསྐྲུན་འགོ་ཚུགས་པ་དང་ཕུན་སུམ་ཚོགས་སུ་བཏང་ཡོད།གཙང་གསུམ་ཆུ་འགོའི་ས་ཁོངས་ཚང་མ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡས་མས་ཀྱི་ས་མཐོའི་ས་ཁུལ་ཡིན་པ་དང་།ས་ཁམས་གནས་ཡུལ་དང་གནམ་གཤིས་ཁོར་ཡུག་སོགས་ཀྱིས་རྐྱེན་པས་རྨ་ཆུའི་ཆུ་འགོ་དང་འབྲི་ཆུའི་ཆུ་འགོ་སོགས་ཀྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་ད་བར་སྟོང་པར་ལུས་ཡོད།འདི་ལོའི་ཟླ་5པའི་ཟླ་སྟོད་དུ་ཀྲུང་གོ་སྒུལ་བདེས་རང་འགུལ་ངང་འཛུགས་སྐྲུན་ལས་འགན་རྩིས་ལེན་བྱས་ནས་འབྲི་ཆུ་དང་རྨ་ཆུའི་ཆུ་འགོ་གཉིས་ཀྱི་5Gདྲ་རྒྱ་དང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་འཛུགས་སྐྲུན་ལས་དོན་སྤེལ་འགོ་ཚུགས་པ་རེད།
“ང་ཚོའི་ལས་ཀའི་ཐོག་ནས་བཤད་ན།རྨ་ཆུའི་ཆུ་འགོ་དང་འབྲི་ཆུའི་ཆུ་འགོར་སྨི་12ཡོད་པའི་ལྟ་དཔྱད་ཚད་འཇལ་མཆོད་རྟེན་རེ་བསྐྲུན་པ་དང་འབྲེལ་སྤྲིན་སྟེགས་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་ཀྱི་ཡོད།ད་དུང་དྲ་རྒྱ་དང་།ཉི་ནུས་གློག་ལེབ།གློག་གསོག་གློག་རྫས་བཅས་བསྐྲུན་རྒྱུ་ཡིན་པ་སྨོས་མེད་རེད”ཅེས་རུའུ་ཀྲི་ཡེ་ཡིས་གསར་འགོད་པར་བཤད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འགན་འཁྲི་འཁུར་བ་དང་དངོས་སྒྲུབ་དང་བྱས་རྗེས་འཇོག་པའི་སྲོག་ཤིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏིག་ངང་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཞུགས་ནས་མི་དམངས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་རྒྱུགས་ལན་ཞིག་འབུལ་རྒྱུ་དེ་རེད།སྣོད་བཅུད་སྲུང་སྐྱོང་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་།གཙང་གསུམ་ཆུ་འགོ་སྲུང་སྐྱོང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཐོག་མཐའ་བར་གསུམ་དུ་འཁུར་ནས་ཆོད་སེམས་དེ་བས་ཆེ་བའི་ཐོག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྲ་ཞིང་བརྟན་པའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་དགོས།
ཟླ་7པའི་ཟླ་མཇུག་ཏུ་ཀྲུང་གོ་སྒུལ་བདེས་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དམར་སྟོད་ཤང་གི་རྨ་ཆུའི་ཆུ་འགོ་དང་རྫ་སྟོད་རྫོང་སྐྱེ་སྟོད་ཤང་གི་འབྲི་ཆུའི་ཆུ་འགོའི་5Gསྦྲེལ་ཚུགས་དངོས་སུ་ཤར་གཏོང་ཐུབ་ཡོད།ཀྲུང་གོ་སྒུལ་བདེ་ཡུལ་ཤུལ་ཡན་ལག་ཀུང་སིའི་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ཀྱི་བརྙན་ཤེལ་ཐོག་བརྗིད་ཉམས་ལྡན་པའི་རྨ་ཆུའི་ཆུ་འགོའི་རྡོ་རིང་དང་ཐག་རིང་ནས་མགོ་བོ་སྒུར་ནས་རྩྭ་ཟ་བའི་འབྲི་གཡག་སོགས་ཀྱི་རྣམ་པ་གསལ་པོ་མཐོང་རྒྱུ་ཡོད་པ་ནས་བཟུང་གཙང་གསུམ་ཆུ་འགོ་5Gབརྒྱུད་འཛམ་གླིང་དང་འབྲེལ་བ་ཡོད་པ་རེད།
རྣམ་གྲངས་ཀྱི་འགན་འཁུར་བས“དེ་ཐོག་ནས་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་སླར་ཡང་ངོ་བོའི་ཐོག་ནས་འཕུར་མཆོང་བྱུང་བ་མཚོན་ལ།ཀྲུང་གོའི་སྒུལ་བདེའི་འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་།གཙང་གསུམ་ཆུ་འགོ་སྲུང་སྐྱོང་།‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་བའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད”ཅེས་གསར་འགོད་པར་བཤད།
མིག་སྔའི་བར“ཆུ་འགོའི་སྐར་ཁུང”མ་ལག་གི་ལྟ་ཞིབ་ཚད་ལེན་ས་ཚིགས་40བར་མང་དུ་ཕྱིན་ནས་མི་ཤུགས་སྐོར་སྲུང་གི་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་པའི་ཚོར་སྣང་འགོར་བ་དང་།མ་གནས་མཐོ་བ།ཁེབས་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་ཞན་ཆ་ནུས་ལྡན་ངང་གསབ་པ་མ་ཟད།ད་དུང“གནམ་ས་གཞི་གཅིག་ཅན”གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་།གཙང་གསུམ་ཆུ་འགོའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་དུས་ནུས་ཆེ་རུ་ཕྱིན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
“ཁོར་ཡུག་ཆ་འཕྲིན་ཅན་དང་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གྲངས་གཞི་ཆེན་པོ་དང‘དྲ་སྦྲེལ+’སོགས་ཆ་འཕྲིན་ལག་རྩལ་དེ་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།ཐག་རིང་ནས་འོད་ཐག་རིང་བའི་རྒྱང་རིང་ཚོད་འཛིན་ལྟ་སྐུལ་ཚོད་འཛིན་བྱས་པ་བརྒྱུད་དངོས་ཡོད་ཀྱི་དགོས་མཁོར་གྱུར་ཡོད།ཡུལ་ཤུལ་དུ་བཅའ་སྡོད་ཀྲུང་དབྱང་གི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ང་ཚོས་མིག་དཔེ་ཡག་པོ་སྟོན་པ་དང་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བྱས་ཏེ་འབད་འཐབ་ལས་སྒྲུབ་ཀྱི་སྣེ་ཁྲིད་པ་ཡག་པོ་བྱེད་དགོས”ཅེས་རུའུ་ཀྲི་ཡེ་ཡིས་བཤད།
ལས་སྒྲུབ་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་།ལས་སྒྲུབ་ཀྱི་རྣམ་པ་གཏོད་པ།ལས་སྒྲུབ་ཀྱི་ཚ་རླབས་འཕྱུར་བ་བཅས་བྱས་ཏེ་བྱ་གཞག་གསར་པ་ཞིག་གཏོད་པ་དང་གནམ་ས་གསར་པ་ཞིག་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཞིག་ཧུར་ཐག་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བཏང་ནས་ཁེ་ལས་ཀྱིས་བྱ་སྤྱོད་དོན་འཁྱོལ་བྱེད་དགོས།ཀྲུང་གོ་སྒུལ་བདེས་སླད་ཕྱིན་གྱི་ལས་ཀའི་ནང་ཚོགས་འདུ་ཡོངས་ཀྱི་སྙིང་སྟོབས་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བླ་སྲོག་གཏོད་པ་དང་།ལག་ལེན་དངོས་སྒྲུབ།ཐོག་མཐའ་བར་གསུམ་དུ་གསར་བརྗེའི་འཕྲིན་གཏོང་གི་རང་བཞིན་རྒྱུན་འཁྱོངས།ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་བ།འཕྲིན་གཏོང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཡུལ་ཤུལ་ཁུལ་ཡི་སྣོད་བཅུད་སྲུང་སྐྱོང་གྲངས་འཛིན་ཅན་གྱི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་རིག་སྟོབས་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།