ཐོན་ལས་ལ་གསོན་ཤུགས་ཀྱིས་ཁེངས་ཏེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-09-01

ཟླ་བརྒྱད་པའི་ཟླ་མཇུག་ཏུ་གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན་མོད།འོན་ཀྱང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་སྔར་བཞིན་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་གནའ་བོའི་བབ་ཆགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཡིད་དབང་བཀུག་པ་རེད།

ཟླ་8ཚེས་20ཉིན་གྱི་ཕྱི་དྲོ་འབྲི་སྟོད་རྫོང་དབུལ་སྐྱོར་ཐོན་ལས་གླིང་གི་རླངས་འཁོར་འཇོག་སར་ཞིང་ཆེན་ཕྱི་ནང་གི་ས་གནས་ཁག་གི་རླངས་འཁོར་གྱིས་ཁེངས་ཡོད་པ་རེད།

“སྐུ་ཁམས་བཟང་།མི་སྒེར་གྱི་ཡུལ་སྐོར་ཡིན་ནམ་ཚོགས་པ་ཕྱིར་སྐྱོད་ཀྱི་ཡོད།མགྲོན་ཁང་ག་ཚོད་དགོས་ཀྱི་ཡོད།ཚོང་ཁང་དུ་ག་དུས་སླེབས་ཀྱི་ཡོད”ཅེས་མགྲོན་ཁང་གི་མདུན་སྟེགས་ཀྱི་ལས་དོན་མི་སྣས་ཚོང་ཁང་ནས་བྲལ་བའི་མགྲོན་པོར་ཁང་པ་ཕྱིར་སྤྲད་པ་དང་།ཡང་བསྐྱར་སྔོན་མངག་ཁ་པར་བརྒྱབ་པ་རེད།

ཞག་སྡོད་ཁོར་ཡུག་སྒྲིག་བཀོད་བློ་འདྲི་དང་།ཕྱིར་སྐྱོད་ཡུལ་སྐོར་ཁང་པ་སྔོན་མངགཚོགས་པའི་སྣེ་ལེན་ངོ་འཕྲད་གྲོས་མོལ་སོགས་ལས་ཀ་དེ་ལས་འགོ་ཚུགས་མ་ཐག་པའི་སྐབས་ལས་བྲེལ་བ་ཧ་ཅང་ཆེན་པོ་ཡོད་མོད།འོན་ཀྱང་ཚང་མར་སྙིང་སྟོབས་ཀྱིས་ཁེངས་པ་དང་ངར་ཤུགས་ཆེན་པོ་ལྡན་ཡོད།

“འགན་འཁྲི་འཁུར་བ་དང་དམ་པ་དོན་གཉེར་བྱེད་པར་དང་ཐོག་མིག་སྔའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་།འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཧུར་ཐག་གིས་ཞབས་འདེགས་ཞུ་བ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕར་བ་དང་།ལས་ཞུགས་བརྟན་པོ།ཟོག་གོང་བརྟན་པོ་ཡོང་བ།ཞབས་ཞུའི་བྱེད་པོར་དམ་འཛིན་བཅས་བྱེད་དགོས”།

“ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག‘ལས་བརྩོན’གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་གསལ་བཤད་གཏིང་ཟབ་བྱས་པ་དེས་ང་ཚོས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་ཡག་པོ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་སྔར་བས་གསལ་པོ་དང་།དམིགས་ཚད་སྔར་བས་གསལ་བ།གདེང་ཚོད་སྔར་བས་ཆེ་བ་བཅས་བྱུང་ཡོད”ཅེས་འབྲི་སྟོད་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བདེ་ཆེན་གྱིས་བཤད།

བདེ་ཆེན་གྱིས་བཤད་པ་ལྟར་འདི་ལོ་འབྲི་སྟོད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཁོངས་ཀྱི་དོན་དངོས་ལ་གཞིགས་ནས་བེད་མེད་རྒྱུ་ནོར་གང་འགབ་ཅི་སྤྱོད་དང་རྫོང་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་འཆར་གཞི་ཞིབ་ཕྲ་བཟོས་པ་དང་།“དོན་རེར་གྲོས་བསྡུར་གཅིག”བྱས་ནས་དངོས་སྒྲུབ་སྔོན་ལ་བྱས་ཏེ་ཐོན་ལས་ཡག་པོ་དང་རྣམ་གྲངས་ཡག་པོ་མི་ཤོར་བའི་འགན་ལེན་བྱས་ཡོད།ཀྲེན་ཤིན་ཨར་ཁང་སོགས་ཞབས་ཞུ་ཅན་གྱི་ཁེ་ལས་གསུམ་བདེ་བླག་ངང་ནང་འདྲེན་བྱས་པ་དང་།ཀྲེན་ཤིན་ཨར་ཁང་ཁོ་ནས་རྫོང་ཡོངས་ཀྱི་དབུལ་སྒྲོལ་དུད་ཚང་གི་གཞོན་ནུ་དང་སློབ་ཐོན་སློབ་ཆེན་སློབ་མ་50ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད།མིག་སྔར“སྲིད་གཞུང་གིས་ཁྲིད་སྟོན་དང་།ཁེ་ལས་ཀྱིས་གཙོ་ཁྲིད།དགོས་མཁོ་ལྟར་ལས་གནས་མཁོ་འདོན།ལེགས་འདེམས་འདེམས་སྤྱོད”བཅས་ཀྱི་ལས་ཞུགས་བྱེད་སྟངས་རགས་ཙམ་ཆགས་ནས་ཁེ་ལས་སྐྱོན་བྲལ་དང་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་བཏང་ནས་མི་སྣ་སྐུལ་སློང་དང་།ཐོན་ལས་གསོན་ཤུགས་ལྡན་པ།དར་རྒྱས་ཏན་ཏིག་ཡོང་བ།འཕེལ་རྒྱས་སྟོབས་ཆེར་འགྲོ་བ་བཅས་རིམ་བཞིན་མངོན་འགྱུར་བྱུང་ཡོད།

“ང་ཚོའི་ཨར་ཁང་དེ་རྫོང་གི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ཁྱོན་མ་དངུལ་སྒོར་ཁྲི་600བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ5000ཟིན་པ་དེ་ནི་སྐར་མ་བཞིའི་ཚད་གཞི་ལྟར་བཏོད་པའི་བཟའ་བཏུང་དང་།ཞག་སྡོད།ཚོགས་འདུ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཨར་ཁང་ཞིག་ཡིན་པ་དང་འདི་ལོའི་ཟླ་བདུན་པར་དངོས་སུ་ལས་འགོ་བཙུགས་པ་ཞིག་རེད།རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཨར་ཁང་འཛུགས་སྐྲུན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་གྲོང་གསེབ་དར་རྒྱས་ཅུས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་ཅུས་སོགས་ཚན་པ་མངགས་ནས་ཨར་ཁང་ལ་མཛུབ་ཁྲིད་ཨར་ཁང་གི་སྤྱི་ཁྱབ་ཅིང་ལི་ཁྲེན་ཤུས་དང་མཉམ་དུ་ཐོག་བརྩེགས་དང་པོའི་གསོལ་སྟོན་ཚོམས་ཆེན་དུ་ཡོང་བ་དེ་ནི་དེང་རབས་དང་སྲོལ་རྒྱུན་གྱི་བོད་བཟོ་ཟུང་འབྲེལ་བྱས་པའི་མཛེས་རྒྱན་གྱི་ཉམས་འགྱུར་ཞིག་ཡིན་པ་དང་།གནའ་བོའི་བབ་ཆགས་དང་དར་སྲོལ་གྱི་རྣམ་པ་ཞིག་མངོན་ཡོད།

ཚོང་ཁང་དང་བྲལ་བའི་འགྲོ་ལུགས་གཉེར་བཞིན་པའི་ཧྲའན་ཤིས་ཡུས་ལིན་གྱི་ཡུལ་སྐོར་བ་སྐུ་ཞབས་ལིན་ལགས་ཀྱི་ནང་མི་ཚང་མས་དེ་གར་སྐུ་མགྲོན་རང་ཁྱིམ་དུ་ལོག་པ་ལྟ་བུའི་ཞབས་ཞུ་ཚོར་བྱུང་།“ཨར་ཁང་གི་ཁོར་ཡུག་ཧ་ཅང་མཛེས་ལ་རླུང་ཁམས་ཆེན་པོ་ཞིག་ཡོད།ཁང་པའི་ནང་ལྷིང་འཇགས་དང་སྐྱིད་སྣང་དོད་པ་དང་ཞབས་ཞུ་གནད་ལ་འཁེལ་བ་ཞིག་ཡོད།ལྷག་པར་དུ་ཁོང་ཚོ་དེ་གའི་ཉི་འོད་ཇ་ཤིང་ར་བའི་ནང་མེ་ཏོག་སྔོ་ལྗང་མང་པོ་ཡོད་པས་ཧ་ཅང་དྭངས་ཤིང་གཙང་བའི་ཚོར་སྣང་ཞིག་འདུག”

དཀར་ཆུའི་ཐོན་རྫས་ལས་སྣོན་ཁེ་ལས་ནས་མི་རིགས་གྱོན་ཆས་བཟོ་མཁན་ཁེ་ལས་བར་དང་།དེ་ནས་ཨར་ཁང་ཞབས་ཞུའི་ལས་རིགས་བར།འབྲི་སྟོད་རྫོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ“སྤྱི་ཡོངས་ཀྱི་བྱ་ཐབས”འཕེལ་རྒྱས་ཡག་པོ་བཏང་ནས་གནད་སྨིན་ཞིབ་ཚགས་ངང་ཐོན་ལས་ཀྱི“ཞིབ་ཕྲའི་ལེའུ”ཡག་པོ་བསྒྲུབས་ཏེ་རྒྱུ་ནོར་རྒྱུན་ཆད་མེད་པར་གང་འགབ་ཅི་སྤྱོད་དང་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་རེད།

ལས་འགོ་ཚུགས་པ་ནས་ད་བར་དུས་ཐུང་ཟླ་བ་གཅིག་ལྷག་ཙམ་རིང་ཀྲེན་ཤིན་ཨར་ཁང་དེ་གླིང་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་མཉམ་འགུལ་ཕན་འབྲས་འོག་སྔར་བས་ཆེ་རུ་ཕྱིན་པ་དང་གླིང་ཁུལ་གྱི་དཀར་ཆུའི་ཐོན་རྫས་དང་རྒྱན་གོས་ཚང་མ་ཨར་ཁང་དུ་ཐད་ཀར་ཉོ་ཆོག་པ་དང་ཡུལ་སྐོར་བས“ཟ་སྡོད།ཉོ་སྒྲུབ།རོལ་རྩེད”བཅས་གཅིག་འཐུས་རྣམ་པའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།མིག་སྔའི་བར་ཨར་ཁང་ལ་ཉིན་རེར་ཆ་སྙོམས་ཁེ་སྤོགས་སྒོར་5000ཙམ་བྱུང་ཡོད།

“ཟླ་4པར་རྫོང་གིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་ང་ཚོའི་གསར་དུ་ལས་གནས་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་བྱས་པ་བརྒྱུད་ཁོང་ཚོས་ལས་དོན་ལ་ཞུགས་ནས་ལས་ཕྱོད་ཆེ་རུ་ཕྱིན་ཡོད།ལས་འགོ་བཙུགས་ནས་ད་བར་ཁང་པ་སྔོན་མངགས་བྱེད་མཁན་ཧ་ཅང་མང་བ་དང་གཉེར་སྐྱོང་ཡག་པོ་བྱུང་ཡོད།ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས་ཨར་ཁང་ཇེ་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཀྲེན་ཤིན་ཨར་ཁང་གི་ཚོམས་ཆེན་གྱི་ཅིང་ལི་ཚེ་ཀྲས་བཤད།

ཁ་པར་སྔོན་མངག་དང་རྩིས་རྒྱག་རྩིས་ཐོ་རེ་རེ་བཞིན་ས་སྲོད་ཀྱི་ཀྲེན་ཤིན་ཨར་ཁང་ནང་སྔར་བཞིན་ཡོང་མཁན་མང་པོ་ཡོད།“འདི་ནི་དེ་རིང་གི་སྣེ་ལེན་གསོལ་སྟོན་མཐའ་མ་དེ་ཡིན་པ་དང་ཉེ་ཆར་བྱེད་སྒོ་མང་བ་དང་ཡུལ་སྐོར་བ་ཡང་མང་པོ་ཡོད།ལས་དོན་མི་སྣས་དེ་གར་གཙང་སྦྲ་བྱས་ཚར་རྗེས་ང་ཚོས་ད་དུང་ཚོགས་འདུ་ཆུང་ཆུང་ཞིག་འཚོག་རྒྱུར་དམ་འཛིན་བྱས་ནས་སང་ཉིན་གྱི་སྣེ་ལེན་ལས་དོན་བཀོད་སྒྲིག་བྱེད་དགོས”ཅེས་ཚེ་བཀྲས་རྩིས་ཐོ་རྩིས་བཤེར་བྱེད་ཞོར་དུ་བཤད།

ཐོན་ལས་ཀྱིས་གསོན་ཤུགས་འཕེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་པ།འབྲི་སྟོད་རྫོང་གིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་ཡག་པོ་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཟུང་འབྲེལ་བྱས་ནས“ས་ཁུལ་བཞི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།ས་མཐོའི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་དང་འབད་འབུངས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།