ཨར་སྐྲུན་གྱི་རྫོགས་ལྡན་དུས་ཚིགས་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།
ཟླ་7ཚེས་27ཉིན་འདྲེན་རྒྱུན་གྱི་བྲག་ཕུག་བརྒལ་ནས་གཡོན་ངོགས་ཀྱི་ཆུ་རགས་བརྒྱུད་གསར་འགོད་པས་རླངས་འཁོར་བཏང་ནས་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་གཡོན་ངོགས་ཀྱི་སྨི་2690ཡི་ལས་སྟེགས་སུ་བསྐྱོད་དེ་རྒྱང་ལྟ་བྱེད་སྐབས། གསར་འགོད་པས་སྐྱེལ་འདྲེན་རླངས་འཁོར་ཞིག་ཕར་འགྲོ་ཚུར་འོང་བྱེད་པ་དང་།ལས་ཡུལ་མང་པོ་དུས་གཅིག་ཏུ་ཨར་ལས་བྱེད་པ་དང་།ཉི་འོད་དྲག་པོ་དང་དྲོད་ཚད་མཐོ་བའི་མདུན་དུ་ཨར་ལས་མི་སྣས་གོ་རིམ་ལྡན་པའི་ངང་ལྕགས་རྩིབས་བསྡམས་པ་དང་།ཨར་འདམ་གྱི་ཆུ་རྒྱག་པ།འཕྲུལ་གློག་སྒྲིག་ཆས་སྒྲིག་སྦྱོར་སོགས་བྱེད་བཞིན་ཡོད་པ་མཐོང་བྱུང་།རགས་ཆེན་གྱི་འཛུགས་སྐྲུན་དེ་བས་ཛ་དྲག་ངང་སྤེལ་བཞིན་ཡོད་པ་དང་རྣམ་གྲངས་ཀྱི་ལས་ཡུལ་ཧྲིལ་པོར་བྲེལ་འཚུབ་ཆེན་པོ་ཡོད།
རྨ་ཆུའི་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་ལྟེ་བ་ནི་ཨར་འདམ་གྱི་ངོས་ཀྱི་རྡོ་སྤུངས་རགས་དང་།ཆུ་རགས་གཡོན་པ།ངོགས་ཀྱི་ཆུ་ལོག་བཞུར་བའི་ལམ།ཆུ་ལོག་གློད་སའི་ཁུང་།སྣོད་བཅུད་ཆུ་གཏོང་ཁུང་།གཡས་ངོགས་ཀྱི་ཆུ་འདྲེན་འཛུགས་སྐྲུན་དངོས་པོ་དང་ས་ངོས་ཀྱི་བཟོ་ཁང་སོགས་ལས་གྲུབ་པ་ཞིག་རེད།རྨ་ཆུའི་ཡར་ཆུ་ཆུ་ཤུགས་གློག་ཁང་དེ་རྨ་ཆུའི་གཞུང་ཆུའི་ཚ་རྔ་འགག་ཆུ་ཤུགས་གློག་ཁང་གི་སྟོད་རྒྱུད་ཀྱི“ཚེ་ཧ་དང་།པན་མདོ།ཡང་ཆུ”བཅས་འཆར་འགོད་ཀྱི་སྐས་རིམ་གློག་ཁང་གསུམ་གྱི་རིམ་པ་དམའ་ཤོས་ཡིན་པ་དང་ལས་གྲྭའི་ལས་འགན་གཙོ་བོ་ནི་གློག་གཏོང་རྒྱུ་དེ་རེད།གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་120ཟིན་པ་དང་ཆུ་མཛོད་ཀྱི་ཤོང་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་16.39ཟིན་ནས་ལོ་མང་རིང་ཆ་སྙོམས་ལོ་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་47.32ཟིན་གྱི་ཡོད།
“ང་ཚོས་རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན།མིག་སྔར་ང་ཚོས་གོ་སྐབས་དམ་འཛིན་དང་རང་འགུལ་ངང་ཕར་རྒོལ་བྱས་ཏེ་2023ལོའི་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ནུས་ཤུགས་ཡོད་རྒུས་མདུན་དུ་བསྐྱོད་དེ་ལོ་ཧྲིལ་པོའི་དམིགས་ཚད་དང་2024ལོའི་ཟླ་8པར་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”རྨ་ཆུ་ཆུ་གློག་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏོན་ཅུན་པང་གིས་གསར་འགོད་པར་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཡན་ལག་ཀུང་སིས་ཚོགས་འདུ་འཚོགས་ནས་ཚོགས་ཆེན་ཉན་པ་དང་།ཚང་འཛོམས་གྲོས་ཚོགས་ཀྱི་ཤེས་བྱའི་དྲི་བ་དྲིས་ལན་འདེབས་པ།བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་བཟོ་སྐོང་ཚོགས་བྱས་ཏེ་བསམ་ཚུལ་གླེང་བ་དང་དངོས་སྒྲུབ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་དང་སེམས་ལ་ཟུག་ཐུབ་པ་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།འགན་འཁྲི་འཁུར་བ་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་དང་ཐོག་མིག་སྔའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།ཐོག་མཐའ་བར་གསུམ་དུ་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བ་དང་། ཞབས་ཞུའི་གྲུབ་ཆ་གཙོ་བོ་དམ་འཛིན། བཟོ་ལས་བརྟན་པོ། མ་དངུལ་འཇོག་ཚད་བསྐྱར་འཕར་དམ་འཛིན། སྐྱེ་ཁམས་ཁོར་ཡུག་འགན་ལེན། གཞི་རྩའི་དམངས་འཚོར་འགན་ལེན། བདེ་འཇགས་ཀྱི་གཞི་ཐིག་འགན་ལེན། གནས་བབ་དང་བསྟུན་ནས་“གཉིས་”ཕྱེད་ཀ་ལས་བརྒལ་བ་དང་། གསེར་གྱི་དུས་ཚིགས་སུ་འབད་འཐབ་བྱེད་པ། ལོ་ཧྲིལ་པོའི་རྒྱལ་ཁ་ལེན་པར་ཁག་ཐེག་བཅས་བྱས་ཏེ། རྒྱུན་ཆད་མེད་པར་རྒྱ་སྐྱེད་བསྐྱར་འཕར་ལེགས་ཕྱོགས་སུ་འགྱུར་བ་དང་། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་སྤྱི་ཡོངས་ནས་ལེགས་འགྱུར་ཡོང་བར་འབད་བརྩོན་བྱ་དགོས།
“ནུས་ཤུགས་ཡོད་རྒུས་དུས་ཚིགས་གསུམ་པའི་མཐའ་མའི་གདོང་མཆོང་དང་ལོ་འཁོར་ཧྲིལ་པོའི་རྒྱལ་ཁ་ཕུ་ཐག་གཅོད་པར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བྱ་སྤྱོད་ཐོག་དོན་འཁྱོལ་བྱ་རྒྱུ་ཡིན།དུས་ཚིགས་གསུམ་པ་ནི་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་ཚིགས་ཡག་ཤོས་ཤིག་རེད།ཡར་འབྲོག་ཆུ་ཤུགས་གློག་ཁང་དེ་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ཤིག་ཏུ་བརྩིས་ནས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ‘དུས་ཚིགས་གསུམ་པ’གྱི་འཐབ་ཇུས་དམིགས་ཚད་རྒྱུན་འཁྱོངས་བྱས་ཏེ‘ལོ་སྨད་དུ་རྒྱལ་ཁ་ཕུ་ཐག་གཅོད་པའི་ཆོད་སེམས་བརྟན་དུ་གཏོང་བ་དང་།ནུས་ཤུགས་ཡོད་རྒུ་བཏོན་ནས་དངོས་འཛིན་དངོས་སྒྲུབ་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་རྒྱུགས་ལན་ཡག་པོ་སྤྲད་ཅེས་ཏོན་ཅུན་པང་གིས་བཤད།
འཛུགས་སྐྲུན་རྣམ་པར་ལྟ་སྐབས་ཏོན་ཅུན་པང་གིས་མིག་སྔའི་རྣམ་གྲངས་འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱས་པ་སྟེ།“རགས་ཆེན་ནི་ཡར་འབྲོག་ཆུ་ཤུགས་གློག་ཁང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།ང་ཚོས་ཨར་འདམ་གྱི་ངོས་སུ་རྡོ་སྤུངས་ཀྱི་ཆུ་རགས་ཀྱི་རྣམ་པ་གསར་གཏོད་བྱས་པས་གུ་དོག་པའི་ལུང་གཞུང་གི་རྐང་མཛུབ་རྐོ་བྱེད་ཚད་ཉུང་དུ་ཤུགས་ཆེན་བཏང་ནས་ཆུ་རགས་རྡིབ་པའི་རྣམ་པ་ནུས་ལྡན་ངང་དམའ་རུ་བཏང་ནས་རང་རྒྱལ་གྱི་སྨི་300རིམ་པའི་མཐོ་ངོས་ཀྱི་རྡོ་སྤུངས་རགས་འཛུགས་སྐྲུན་ལ་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད”ཟེར།
“ལོ་མཇུག་ཏུ་རགས་ཆེན་གྱི་མཐོ་ཚད་སྨི་2700བར་གྱི་མཐོ་ཚད་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུའི་འགན་ལེན་བྱ་ཆེད།ང་ཚོས་རང་འདོན་རླངས་འཁོར་དང་།འདར་འགུལ་འཕྲུལ་འཁོར།བླུག་འཇོག་འཕྲུལ་འཁོར།རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་ཆས་སྒྲིག་ཆས་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྡོ་སྤུངས་རགས་རྒྱག་པའི་ལས་དོན་འཆར་གཞི་ལྟར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད”ཏོན་ཅུན་པང་གིས་སྔར་བས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔའི་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་རགས་ཆེན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་150ལྷག་ཙམ་བརྒྱབ་པ་དང་བསྡོམས་འབོར་གྱི་422%ལེགས་གྲུབ་བྱུང་ཡོད།གཞན་ཡང་གློག་ཁང་གི་ཆུ་འདྲེན་མ་ལག་དང་།བཟོ་ཁང་ལས་གྲྭ།ཆུ་ལོག་རྒྱུག་ལམ་དང་དེ་བཞིན་ཆུ་ལོག་བཤང་བའི་བྲག་ཕུག་ལས་གྲྭ།སྣོད་བཅུད་ཆུ་གཏོང་བྲག་ཕུག་ལས་གྲྭ།འཕྲུལ་གློག་སྒྲིག་སྦྱོར་ལས་གྲྭ།དེ་བཞིན་ཆུ་མཛོད་ཁུལ་གྱི་སྤེན་མ་ཡུལ་དེ་རང་དུ་འགོག་སྲུང་སོགས་ཀྱི་ལས་གྲྭ་ཛ་དྲག་ངང་སྐྲུན་བཞིན་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཤུགས་ཆེན་བཏོད་དེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་དང་།སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་།ཐཱན་གྱི་དྲོད་ཚད་མཐོ་བའི་ཐཱན་དོ་སྙོམས་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།གླེང་རིན་ཡོད་པ་ཞིག་ནི་ཀུང་སིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུ་དེ་རེད།ཡར་ཆུ་ཆུ་ཤུགས་གློག་ཁང་འཆར་འགོད་འཛུགས་སྐྲུན་བྱེད་རིང་ཁོར་ཡུག་སྲུང་སྐྱོང་གི་མ་ལག་རང་བཞིན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་མཐོ་རུ་བཏང་ནས་ལས་གྲྭའི་ཇུས་འགོད་ཐད་གློག་ཁང་གིས་འབབ་རྒྱུད་ནང་གི་སྐམ་སའི་སྐྱེ་དངོས་དང་།ཆུ་སྐྱེས་སྲོག་ཆགས།འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་རྐྱེན་བཅས་དང་འབྲེལ་བ་ཡོད་པར་བསམ་གཞིག་གང་ལེགས་བྱེད་པ་དང་འབྲེལ་འབྲེལ་ཡོད་བྱེད་ཐབས་སྤྱོད་རྒྱུ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ས་མཐོའི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་།དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མཚོ་སྔོན་གྱི་འཕེལ་རྒྱས་སྟོབས་ཤུགས་སྔར་བས་ཆེ་བ་དང་འབད་འབུངས་ཀྱི་གཏིང་ཤུགས་སྔར་བས་ཆེ་རུ་གཏོང་དགོས།མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་གློག་གི་སྙོམས་སྒྲིག་གློག་ཁུངས་གལ་ཆེན་ཞིག་ཡིན་པའི་ཡར་འབྲོག་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་རྗེས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།