མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་རོགས་སྐྱོར་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཁ་གཏད་རོགས་སྐྱོར་སྐོར་གྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱ་བའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། “ཚོགས་སྒྲིག་རྣམ་པའི”མཚོ་སྔོན་རོགས་སྐྱོར་བྱ་བའི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་སྡོམ་དང་བརྗེ་རེས་བྱས་ལ། དུས་རིམ་རྗེས་མའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། རོགས་སྐྱོར་ཐོབ་པའི་ཕྱོགས་གཉིས་ཀྱི་འཐུས་ཚབ་པས་བརྗེ་རེས་གཏམ་བཤད།
གྲོས་ཚོགས་ལས“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་སེམས་ཁུར་བྱེད་པའི་བྱེད་ཐབས་གལ་ཆེན་དང་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་དང་། དམངས་འདོད་དང་མཐུན་ཞིང་། དམངས་ཚིས་ལ་ཕན་པ། དམངས་སེམས་དྲོ་བ་བཅས་ཀྱི་དོན་དངོས་གལ་ཆེན་ཡིན་ལ། རྩ་བར་དོ་དམ་དང་ཕུགས་ལ་དོ་དམ་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་རེད། “ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འགོ་རྩོམ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་བསྟན།
གྲོས་ཚོགས་ལས་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཤིང་།སྨན་བཅོས་རོགས་སྐྱོར་ལ་ཡུན་རིང་བྱས་རྗེས་བཞག་ནས། རིམ་གསུམ་ཀ་པའི་སྨན་ཁང་གསར་འཛུགས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། “ལྟེ་གནས་ཆེན་པོ་ལྔ”ཁྱོན་ཡོངས་ནས་སྟོབས་ཆེར་གཏོང་བ། སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་ནན་མོ་བྱེད་པ། སློབ་གསོའི་རོགས་སྐྱོར་བྱེད་པའི་རྩ་བ་ཇེ་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། རིག་ཚན་གྱི་དགོས་མཁོ་གནད་འཁེལ་གྱིས་སྦྲེལ་མཐུད་བྱེད་པ། མི་བཟང་གསོ་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་ཐོབ་པའི་ས་ཁུལ་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། ཚན་རྩལ་རོགས་སྐྱོར་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཚད་གཞི་མཐོ་རུ་གཏོང་བ། ལག་རྩལ་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་པ། རྣམ་གྲངས་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་གནས་དེ་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འགོ་ཁྲིད་སྒྲིག་འཛུགས་ལ་ཤུགས་སྣོན་དགོས་པ་དང་། དོ་དམ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། དཔྱད་ཞིབ་མཛུབ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ནས། འགན་འཁྲི་ནན་དཀྲི་དང་ནུས་ཤུགས་སྔར་ལས་ལྷག་པའི་གཅིག་བསྡུས་བྱས་ཏེ། ལས་འགན་སྣ་ཚོགས་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན།