ད་ལོ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་འདེབས་འཛུགས་ལས་རིགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཕྱུགས་ལས་རིམ་སྤོར་བྱེད་པ། འབབ་འཕར་མུ་ཕྲེང་བསྐྱེད་པ་བཅས་ལ་དམིགས་ནས་རྒྱུན་ཆད་མེད་པར་ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་སྒྱུར་དང་ཞིང་ལས་འཕེལ་རྒྱས་གཞི་རྩ་ཇེ་བརྟན་དུ་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུང་ཚང་དུ་གཏོང་བ་བཅས་བྱས་ནས་རྫོང་ཡོངས་ཀྱི་ཞིང་ལས་དཔལ་འབྱོར་ཐད་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་ཇེ་བཟང་དུ་འགྲོ་བའི་རྣམ་པ་མངོན། དུས་ཚིགས་དང་པོར། སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་གསུམ་འཕར་ཡོད་པ་དང་། སིལ་ཏོག་གི་རིགས་དང་ཤིང་ཏོག་འདེབས་འཛུགས་རྒྱ་ཁྱོན་དུས་མཉམ་ལས་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་བརྒྱད་ལྔ་འཕར་ཡོད།
ཞུན་ཧྭ་རྫོང་གིས་ཤུགས་ཆེན་པོས་ཞིང་ལས་ཀྱི་སྤུས་འདེགས་ནུས་སྤེལ་དང་། ཁྱད་ལྡན་སིལ་ཏོག་དང་ཤིང་ཏོག་རྟེན་གཞི་འཛུགས་སྐྲུན། ཞིང་ལས་སྐྱེ་དངོས་ཀྱི་ལྗང་མདོག་འགོག་ཟོན་སོགས་ལས་གཞི་གཙོ་བོ་ལག་བསྟར་བྱས་ཏེ་སྲོལ་རྒྱུན་འདེབས་འཛུགས་ལས་རིགས་དེ་སྤུས་ལེགས་ཆོད་ཆེའི་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་། རྨ་ཆུའི་ཚའེ་ལན་མཐོ་སྒང་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་བརྟེན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སོན་བཟང་དང་ཚན་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་བར་མ་ཟད། ཡུལ་བབ་དང་བསྟུན་ནས་ཤིང་ཏོག་དང་སིལ་ཏོག་འཕེལ་རྒྱས་བཏང་སྟེ་ཆུ་ཀུབ་ཐོན་ལས་སོགས་གསོ་སྐྱོང་བཟང་བོ་བྱས། ལས་གཞི་དང་རྒྱུད་བཟང་། ལྗང་མདོག་བཅས་ཕྱོགས་གསུམ་གཞི་གཅིག་རྒྱུན་འཁྱོངས་བྱས་ནས་ནོར་ལུག་གསོ་སྤེལ་གྱི་སྒྲིག་སྦྱོར་རྣམ་པའི་ཕྱུགས་ཁང་དང་ནོར་གནག་གསོ་སྤེལ་རྟེན་གཞིའི་ཕྱུགས་རིགས་རྒྱུད་བཟང་ལེགས་སྒྱུར་སོགས་ཀྱི་ལས་གཞིར་སྐུལ་འདེད་བཏང་། ཚད་ལྡན་ཅན་གྱི་གསོ་སྤེལ་ར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཁ་ཐོར་གྱི་གསོ་སྤེལ་རྣམ་པ་དེ་གཅིག་བསྡུས་གཞི་ཁྱོན་ཅན་གྱི་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་ཁྲིད་སྟོན་བྱས། དེ་དང་ཆབས་ཅིག ལྗང་མདོག་སྐྱེ་ཁམས་གསོ་སྤེལ་ལ་སྐུལ་འདེད་བཏང་སྟེ་གཞི་ཁྱོན་གྱི་གསོ་སྤེལ་ར་བའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་བཀོད་སྒྲིག་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། བཙོག་ཆུ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་གྱ་དྲུག་གི་ཡན་སྲུང་འཛིན་བྱས།
ཞུན་ཧྭ་རྫོང་གིས་ད་རུང་ཞིང་འབྲེལ་ཞིང་ཁྲིད་ཀྱི་ཕན་ཁེ་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཐོན་ལས་བསྡུ་ལེན་དང་ལག་རྩལ་ནུས་སྩོལ། ཁེ་ཕན་མཉམ་སྦྲེལ་སོགས་ཀྱི་སྣ་མང་ཤུགས་འདོན་བྱེད་ཐབས་བརྒྱུད་དེ་ཞིང་པ་རྣམས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་། ཞིང་ལས་ལག་རྩལ་ཐད་ཀྱི་གསོ་སྦྱོང་སྤེལ་ནས་ཞིང་ཁྱིམ་གྱི་གསོ་སྤེལ་དང་བདག་གཉེར་ནུས་པ་ཇེ་ཆེར་བཏང་། ཞིང་ཁྱིམ་གྱིས་ས་ཞིང་འཁོར་རྒྱུག་དང་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བ། ཚབ་གཉེར་གཉེར་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཐོན་ལས་མུ་ཕྲེང་ཁྲོད་ཞུགས་ནས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་པར་ཁྲིད་སྟོན་བྱས།