ཟླ5པའི་ཚེས22ཉིན། མཚོ་ཤར་གྲོང་ཁྱེར་བཟོ་ལས་གླིང་ཁུལ་དུ། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས(རྨ་ཙོང་གླིང་ཁུལ)ཀྱི་ལས་གཞི་འཛུགས་སྐྲུན་དེ་མཇུག་བསྡུའི་དུས་རིམ་དུ་སླེབས་ཡོད། ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་གཙོ་གཞིའི་བཟོ་སྐྲུན་དེ2024ལོའི་ཟླ3པར་ལས་མགོ་བརྩམས་པ་ནས་བཟུང་། སྤྱིའི་འཛུགས་སྐྲུན་གྱི་མྱུར་ཚད་དང་འགྲུབ་ཚད་ཇེ་མགྱོགས་སུ་བཏང་ཞིང་། མིག་སྔར་སྤྱིའི་བཟོ་སྐྲུན་གྱི85%ལེགས་འགྲུབ་བྱས་ཟིན་ལ། སྔོན་དཔག་བྱས་ན། ཟླ6པའི་ཟླ་མཇུག་ལ་ཕྱོགས་ཡོངས་ནས་འགྲུབ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས(རྨ་ཙོང་གླིང་ཁུལ)ལས་གཞི་འདི། མཚོ་ཤར་གྲོང་ཁྱེར་རྨ་ཙོང་ཁུལ་གསར་དུ་ཆགས་ཡོད་ལ། སྤྱིའི་མ་དངུལ་སྒོར་དུང་ཕྱུར་དྲུག་བྱེ་བ་ལྔ་བཏང་ཞིང་། ས་ཟིན་ཚད་སྤྱི་ཆིངས་དྲུག་གྲངས་ཆུང་དྲུག་བདུན་དང་། དུས་རིམ་དང་པོའི་བཟོ་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་བརྒྱད་སྟོང་ལྔ་ལ་སླེབས་ལ། འཆར་འགོད་ནད་ཁྲི500ཡོད་པ་རེད། གླིང་ཁུལ་གྱིས་གཙོ་བོར་ཁབ་བཙའ་དང་། ཀླད་སྙིང་ཁྲག་རྩ། སྐྲན་ནད་བཅས་ཁྱད་ལྡན་ཆེད་ཚན་གསུམ་གསོ་སྐྱོང་བྱ་རྒྱུ་དང་། ཚད་ལྡན་ཅན་གྱི་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ་བཀོལ་ཁང་། ཁོངས་གཏོགས་སྒྲིག་བཀོད་སྣ་ཚོགས་ཆ་སྒྲིག་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་ས་ཁོངས་སྤྱི་པའི་ཞབས་ཞུའི་ཆ་སྒྲིག་མ་ལག་འཐུས་ཚང་དུ་བཏང་ནས། ཁུལ་གསར་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་པ། འཇོན་མི་བསྡུ་འགུག་དང་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་གཏིང་ཟབ་འབྱུང་བར་ཤུགས་འདོན་པ། དུས་མཉམ་དུ་ས་གནས་ཀྱི་ཁམས་གསོ་དང་ཀྲུང་ལུགས་བོད་ལུགས་གསོ་རིག་སྨན་རྫས་སོགས་སྦྲེལ་མཐུད་ཐོན་ལས་འདུ་འཛོམ་ལེགས་སྒྱུར་བྱ་རྒྱུ་རེད།
ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། ཤར་རྒྱུད་ས་ཁོངས་ཀྱི་སྤུས་ལེགས་ཀྲུང་ལུགས་བོད་ལུགས་གསོ་རིག་སྨན་བཅོས་ཞན་ཆ་ཁ་སྐོང་བྱེད་པའི་གཙོ་གནད་དམངས་འཚོའི་བཟོ་སྐྲུན་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས(རྨ་ཙོང་གླིང་ཁུལ)འགྲུབ་ནས་བཀོལ་སྤྱོད་བྱས་རྗེས། མང་ཚོགས་ཀྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་དཀའ་གནད་སེལ་བར་ནུས་པ་ཐོན་ཡོད་ལ། ཕྱོགས་ཡོངས་ནས་རྨ་ཙོང་ཁུལ་གསར་དང་མཐའ་འཁོར་ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུ་ནུས་པ་མཐོར་འདེགས་བྱས་ཏེ། ཟི་ལིང་ནས་མཚོ་ཤར་གྱི་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་པོར་གཏོང་རྒྱུ་རེད། གླིང་ཁུལ་དངོས་སུ་བཀོལ་སྤྱོད་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་བར་བརྒལ་ནད་ཁུལ་བཙུགས་པར་བརྟེན་ནས། ཕྱོགས་ཡོངས་ནས་ཐེན་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོའི་བྱང་ཆུབ་པའི་བརྟག་བཅོས་དང་། སློབ་ཁྲིད། ཚན་ཞིབ། དེང་རབས་ཅན་གྱི་དོ་དམ་མ་ལག་བཅས་ནང་འདྲེན་བྱས་ཏེ། ས་ཁོངས་ཀྱི་དཀའ་གནད་ནད་ལྕི་དང་། ཉེན་ཆེའི་ནད་ལྕིའི་སྐྱོབ་བཅོས་ཆུ་ཚད་ཚད་ཆེན་པོས་མཐོར་འདེགས་བཏང་ནས། མང་ཚོགས་ཀྱིས་ཞིང་ཆེན་གཞན་དུ་སྨན་ཁང་བརྗེས་ནས་སྨན་བཅོས་བྱེད་ཚད་ནུས་ལྡན་ངང་ཇེ་དམའ་རུ་གཏོང་ཐུབ། དུས་མཉམ་དུ། ལས་གཞིས་མདོ་དབུས་མཐོ་སྒང་གི་ས་ཁོངས་ཁྱད་ཆོས་ལ་བརྟེན་ནས། ས་གནས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སྡེབ་བཟོའི་ཁྱད་འཕགས་མངོན་ཏེ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། མདོ་དབུས་མཐོ་སྒང་ལ་ཁྱབ་པའི་ཆུ་ཚད་མཐོ་བའི་མཐོ་སྒང་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་མཐོ་ས་བསྐྲུན་ཅི་ཐུབ་བྱ་རྒྱུ་རེད།