མཚོ་སྔོན་མེ་ཟོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་བཟའ་བཏུང་ལས་རིགས་ཀྱི་མེ་ཟོན་བདེ་འཇགས་སྲུང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

“མེ་ཟོན་སྒྲིག་ཆས་སྒྲིབ་མི་རུང་། གནད་འགག་གི་སྐབས་སུ་སྲོག་སྐྱོབ་པའི་སྒྲིག་ཆས་ཡིན།” ཟླ5པའི་ཚེས20 ཉིན། ཟི་ལིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་ཞིབ་བཤེར་མི་སྣས་མངའ་ཁུལ་གྱི་ཟ་ཁང་ཆུང་གྲས་སུ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་སྐབས། ཡུལ་དངོས་སུ་མེ་ཟོན་སྒྲིག་ཆས་ཀྱི་མདུན་དུ་སྤུངས་ཡོད་པའི་དངོས་པོ་གཙང་སེལ་བྱས་པ་དང་། ཚོང་གཉེར་བ་ལ་འཕྲལ་མར་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་དགོས་པའི་སྐུལ་མ་བཏང་། ཉིན་འདི་འགར། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་སྡེ་ཁག་གིས་ཟ་ཁང་ཆུང་གྲས་ཀྱི་མེ་སྐྱོན་ཉེན་ཁ་ལ་དམིགས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་ཏུ་སྤེལ་བ་དང་། དྲིལ་སྒྲོག་གསོ་སྦྱོང་ལ་ཤུགས་བསྣན་ཏེ། ཟ་ཁང་ཆུང་གྲས་ཀྱི་མེ་ཟོན་བདེ་འཇགས་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བསྐྲུན།

ཟ་ཁང་ཆུང་གྲས་ཀྱི་གྲངས་ཀ་མང་ལ་གཞི་རྒྱ་ཆེ་བ། མེ་སྤྱོད་གློག་སྤྱོད་གཅིག་སྡུད་ཡིན་པས། མེ་ཟོན་བདེ་འཇགས་ལྟ་སྡོམ་གྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་སྡེ་ཁག་གིས་མཉམ་འབྲེལ་སྒོས་ཁྲིམས་བསྟར་དང་ལྟ་སྐུལ་འདེམས་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ། གློག་སྐུད་སྒྲིག་སྦྱོར་ཚད་ལྡན་ཡིན་མིན་དང་། ཁ་འགྲེམ་བགྲོད་ལམ་གེགས་མེད་ཡིན་མིན། མེ་ཟོན་སྒྲིག་བཀིད་ཆ་ཚང་ནུས་ལྡན་ཡིན་མིན་བཅས་ལ་དམ་པོར་དམིགས་ནས། "གསུམ་སྒྲིལ་གཅིག"གི་སྒྲིག་འགལ་གནས་སྡོད་དང་། དུ་བ་འབུད་སའི་སྦུ་གུ་དུས་ལྟར་གཙང་སེལ་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་ཞིབ་བཤེར་ནན་མོ་བྱས། ཤེས་རྟོགས་བྱུང་བའི་གནད་དོན་གྱི་མངོན་མེད་རྐྱེན་ངན་ལ། ཡུལ་དངོས་སུ་བཅོས་སྒྲིག་དུས་ཚོད་དང་འགན་འཁུར་མི་སྣ་གཏན་འཁེལ་བྱས་ཏེ། མངོན་མེད་རྐྱེན་ངན་ཐོ་འགོད་དང་། བཅོས་སྒྲིག གཙང་སེལ་བཅས་ཀྱི་འཁོར་ཡུན་ཆ་ཚང་གྲུབ་པར་བྱས། འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། གནད་འཁེལ་གྲལ་བཤེར། དྲིལ་སྒྲོག་གཏིང་ཟབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མངོན་གསལ་དོད་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་མེད་པར་བཟོས་ཏེ། མང་ཚོགས་ཀྱི་བདེ་འཇགས་དང་བདེ་སྐྱིད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་བཏང་སྟེ། ཟ་ཁང་ལས་རིགས་ཀྱི་མེ་ཟོན་བདེ་འཇགས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་།

ཟ་ཁང་ཆུང་གྲས་ཀྱི་གཉེར་སྐྱོང་པ་ཁ་ཤས་ལ་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ས་གནས་ཁག་གི་མེ་ཟོན་སྡེ་ཁག་གིས་ཞིབ་བཤེར་དང་དྲིལ་སྒྲོག་གཉིས་མཉམ་དུ་སྤེལ་ཏེ། ཟ་ཁང་ཆུང་གྲས་ཀྱི་མེ་ཟོན་ལག་རྩལ་གྱི་གནད་འགག་དྲིལ་སྒྲོག་བྱ་རྒྱུ་དེ་དྲིལ་སྒྲོག་གསོ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། དྲིལ་སྒྲོག་མི་སྣ་རང་འགུལ་ངང་ཁྱིམ་ཚང་དུ་དཔེ་ཁྲིད་བྱེད་པར་བསྐྱོད་དེ། ཡུལ་དངོས་ནས་དཔེ་སྟོན་དང་། ཡུལ་དངོས་ནས་སྦྱོང་བརྡར། ཚོད་ལྟའི་ཁ་འགྲེམ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སྣུམ་སླང་ལ་མེ་ཤོར་བ་ཐག་གཅོད་དང་། སོལ་རླངས་ཕྱིར་ཤོར་བ་འཕྲལ་སྡོམ་ཐག་གཅོད་བྱེད་པ། མེ་ཟོན་འཕྲུལ་ཆས་དང་མེ་ཟོན་གདན་གྱི་བེད་སྤྱོད་བྱེད་སྟངས་སོགས་ཀྱི་དངོས་འཐབ་རྩལ་ནུས་གཙོ་གནད་ཐོག་གསོ་སྦྱོང་བྱས་ཤིང་། མེ་ཟོན་དང་བབ་བསྟུན་རང་སྐྱོབ་ཀྱི་ཤེས་བྱ་སློབ་པ། ལས་གཉེར་མི་སྣས་ངེས་པར་དུ་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་དོག་ཟོན་བྱེད་དགོས་པའི་ཉེན་བརྡ་གཏོང་བ་བཅས་བྱས། ད་དུང་མེ་ཟོན་སྡེ་ཁག་གིས་ཟ་ཁང་ཆུང་གྲས་ཀྱི་ཚོང་གཉེར་བ་ཡིས་ཉིན་རྒྱུན་གྱི་བདེ་འཇགས་བླང་བྱ་སྟེ། ཉིན་རྒྱུན་གྱི་ལས་གཉེར་སྔ་རྗེས་སུ་ངེས་པར་དུ་སྐོར་ཞིབ་བྱེད་དགོས་པ་དང་། ལས་ཚོགས་མ་གྲོལ་གོང་མེ་སྒོ་རྒྱག་པ་དང་། སོལ་རླངས་ཀྱི་སྒོ་རྒྱག་པ། བེད་སྤྱོད་མེད་པའི་གློག་ཁུངས་གཅོད་པ་བཅས་བྱེད་དགོས་པ་དང་། འབར་སླ་བ་དང་གས་སླ་བའི་དངོས་རྫས་ཉར་ཚགས་དང་། ཚོང་གཉེར་བྱེད་སར་གནས་སྡོད་བྱེད་མཁན་ཡོད་མེད། གློག་སྒུལ་ལྕགས་རྟ་ལ་སྒྲིག་འགལ་གྱིས་གློག་གསོག་པ་དང་གང་སར་འཇོག་པ་སོགས་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།