ཁ་ནད་སྨན་བཅོས་བྱ་བ་སྔར་བས་ཚད་ལྡན་དུ་གཏོང་དགོས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ5པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རང་ཞིང་གི་ཁ་ནད་སྨན་བཅོས་ཞབས་ཞུའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ཁ་ནད་འགོག་བཅོས་དང་སྨན་བཅོས་སྤུས་ཚད་བདེ་འཇགས་ཆུ་ཚད་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་ཁ་ནད་བདེ་ཐང་ཁེ་དབང་ལ་འགན་སྲུང་བྱ་ཆེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ཁ་ནད་སྨན་བཅོས་ཞབས་ཞུ་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བའི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ལས་ཁུངས་དང་མི་སྣ་ཞུགས་ཚད། སྤུས་ཚད་བདེ་འཇགས། རིན་གོང་རིན་བསྡུ། བརྡ་ཁྱབ་ཁྱབ་སྒྲོག  རང་བཤེར་རང་བཅོས། ལྟ་སྡོམ་མཉམ་རོགས་སོགས་ཀྱི་ཕྱོགས་ནས། ཁ་ནད་སྨན་བཅོས་ཞབས་ཞུའི་དོ་དམ་ཕྱོགས་ཡོངས་ནས་ཇེ་དོམ་དུ་གཏོང་རྒྱུ་རེད།

《བརྡ་སྦྱོར》ལས་གསལ་བོར་བསྟན་དོན། ལས་ཁུངས་དང་མི་སྣ་ཞུགས་ཚད་ཀྱི་དོ་དམ་ནན་མོ་བྱ་དགོས། ཁ་ནད་སྨན་བཅོས་ལས་ཁུངས་ཀྱི་ལས་གཉེར་ཐོབ་ཐང་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་དགོས་ལ། ལས་ཁུངས་ཀྱི་མིང་ཚད་ལྡན་དུ་གཏོང་དགོས། ལས་གཉེར་ཐོབ་ཐང་མེད་པ་དང་། ཁྱབ་ཁོངས་ལས་བརྒལ་བའི་སོ་འཛུགས་པ་དང་དྲང་བཅོས་སོགས་ཚད་བཀག་རིགས་ཀྱི་ལག་རྩལ་ནན་འགོག་བྱེད་དགོས། སྨན་བཅོས་མི་སྣས་འཛིན་ཡིག་ཁྱེར་ནས་ལས་རྐང་དུ་ཞུགས་དགོས་ལ་མངོན་གསལ་གྱི་གནས་སུ་ལས་གཉེར་ཐོབ་ཐང་སྟོན་དགོས་ལ། སྤྱི་ཚོགས་ལྟ་སྐུལ་དང་ལེན་བྱ་དགོས། སྨན་བཅོས་ཀྱི་སྤུས་ཚད་དང་བདེ་འཇགས་དེ་སྨན་བཅོས་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ནས། མི་གཅིག་ཐེངས་གཅིག་དུག་སེལ་ཐེངས་གཅིག་བྱེད་པ་བཅས་ལག་བསྟར་ནན་མོ་བྱ་དགོས་ལ། ཕན་ཚུན་ལ་ནད་བགོ་བ་ནན་འགོག་བྱ་དགོས། ནད་ཐོ་འབྲི་བ་དང་ནད་ཤེས་མོས་མཐུན་དེ་ཚད་ལྡན་དུ་བྱ་དགོས་ལ། རྨ་ཡོད་སྨན་བཅོས་དང་ཉེན་ཆེའི་སྨན་བཅོས་ལ་ངེས་པར་དུ་ནད་གཞི་དང་བཅོས་ཐབས། ཉེན་ཁ། འགྲོ་གྲོན་གྲུབ་ཚུལ་བཅས་གསལ་བོར་བཤད་དགོས་ཤིང་། ནད་པའི་ནད་ཤེས་དབང་ཆ་དང་གདམ་གསེས་དབང་ཆར་འགན་སྲུང་བྱ་དགོས། ཁ་ནད་སྨན་བཅོས་ལས་ཁུངས་སོ་སོས་རིན་གོང་གསལ་བོར་འགོད་དགོས་ལ། ཞབས་ཞུའི་རྣམ་གྲངས་དང་རིན་བསྡུའི་ཚད་གཞི། རྒྱུ་ཆ་གོང་མཐོའི་རིན་གོང་བཅས་མངོན་པར་སྟོན་དགོས། གོང་བརྩེགས་དང་འགྲོ་གྲོན་བསྐྱར་ལེན། རིན་གོང་གཡོ་འཕྲུལ་སོགས་ནན་འགོག་བྱ་དགོས། སྨན་བཅོས་བརྡ་ཁྱབ་སྤེལ་བ་ལ་ངེས་པར་དུ་ཞིབ་བཤེར་བདེན་དཔང་དགོས་ཤིང་། རྫུན་བཟོ་ཆེ་བཤད་དང་གོང་ཆུང་ནང་འདྲེན། སྨན་བཅོས་ཚད་བརྒལ། ཚན་རིག་ཁྱབ་གདལ་བཅས་ཀྱི་མིང་ཐོག་ནས་རྣམ་པ་འགྱུར་བའི་ཁྲིམས་འགལ་བརྡ་ཁྱབ་སྤེལ་བར་ནན་འགོག་བྱ་དགོས།

《བརྡ་སྦྱོར》ལས། གྲོང་ཁྱེར་དང་ཁུལ་སོ་སོས2026ལོའི་ཟླ6པའི་ཟླ་མཇུག་སྔོན་དུ། ཁ་ནད་སྤུས་ཚད་འཛིན་སྡོམ་ལྟེ་གནས་འཛུགས་དགོས་ཤིང་། ཁ་ནད་སྨན་བཅོས་ལས་ཁུངས་སོ་སོས་ལོ་རེར་ཆེས་ཉུང་ནའང་ཐེངས་གཅིག་ལ་རང་བཤེར་རང་བཅོས་བྱ་དགོས་ལ། གནད་དོན་ཡོད་པའི་རྩིས་ཐོ་དུས་བཅད་ནང་ལེགས་སྒྲིག་བྱ་དགོས། དུས་མཉམ་དུ། གཞུང་གི་དྲ་ཚིགས་དང་སྤྱི་སྟེགས་སོགས་བརྒྱུད་ནས་ལས་ཁུངས་ཀྱི་ལས་གཉེར་ཐོབ་ཐང་དང་། མི་སྣའི་ཐོབ་ཐང་། རིན་བསྡུའི་ཚད་གཞི་སོགས་ཀྱི་ཆ་འཕྲིན་སྟོན་དགོས་ལ་དུས་ཐོག་ཏུ་གསར་སྒྱུར་བྱ་དགོས། འཕྲོད་བསྟེན་བདེ་ཐང་དང་སྨན་བཅོས་འགན་སྲུང་། ཁྲོམ་རའི་ལྟ་སྡོམ་སོགས་ལས་ཁུངས་དག་གིས་རོགས་སྒྲུབ་ཁྲིམས་བསྟར་བྱེད་པར་ཤུགས་སྣོན་བྱ་དགོས། ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ནན་བཤེར་བྱ་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།