རབ་མཛེས་མཚོ་སྔོན་གྱི་རིག་གནས་ཧྲིན་ཀྲིན་རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས་སྐབས་ཉེར་གཉིས་པར་མངོན།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ5པའི་ཚེས21ཉིན། ཀྲུང་གོ(ཧྲིན་ཀྲིན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས་སྐབས་ཉེར་གཉིས་པ་ཧྲིན་ཀྲིན་རྒྱལ་སྤྱིའི་ཚོགས་འགྲེམ་ལྟེ་གནས་སུ་འགོ་བརྩམས། རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས་ཀྱིས“རིག་གནས་དང་ཚན་རྩལ”མཉམ་འདྲེས་གསར་གཏོད་བརྗོད་དོན་གཙོ་བོར་བྱས་ནས། རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་གཞི་གྲངས་ཅན་གྱི་རྣམ་སྒྱུར་དང་གསར་གཏོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་གཅིག་བསྡུས་སྒོས་མངོན་ཡོད། མཚོ་སྔོན་འགྲེམ་ཁུལ་གྱིས“རི་ཆུའི་འབྱུང་ཁུངས་རབ་མཛེས་མཚོ་སྔོན”གྱི་ངེས་གནས་ལ་རྐང་ཚུགས་ནས། སྐྱེ་ཁམས་དང་ལོ་རྒྱུས།  གསར་བརྗེ། མི་རིགས། མཐོ་སྒང་བཅས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་ཆེན་པོ་ལྔ་སྔོག་འདོན་གཏིང་ཟབ་བྱས་ཏེ། བརྗོད་བྱ་གཙོ་བོའི་ཚན་པ་ཆེན་པོ་ལྔ་བཀོད་སྒྲིག་བྱས་ནས་བཀོད་པ་གསལ་ཞིང་ཁྱད་ཆོས་འབུར་དུ་ཐོན།  ནང་དོན་ཕུན་སུམ་ཚོགས་པར་བྱས་ཡོད། འགྲེམ་ཁུལ་གྱིས་དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་དང་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་སོགས་སྤུས་ལེགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་གཙོ་གནད་ཀྱིས་འོས་སྦྱོར་བྱས་ནས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཤིང་། རིག་གནས་རྒྱུན་འཛིན་གསར་གཏོད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་གཡུར་ཟའི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་ངང་མངོན་པར་བྱས།

འགྲེམ་ཁུལ་དུ་ཚན་རྩལ་ནུས་སྩོལ་དང་དབྱིངས་ཞུགས་ཉམས་ལེན་འབུར་དུ་ཐོན་པར་བྱས་ཡོད་པ་དང་།  ཡུལ་དངོས་སུ་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་རིགས30ལྷག་འགྲེམ་སྟོན་བྱས་པས་དགའ་མོས་བྱེད་ཚད་ཆེ་རུ་ཕྱིན་པ་དང་ཚུར་སྣང་དྲག་པོ་བྱུང་། མེ་ལྷ་གངས་དཀར“མི་ཚེའི་གངས་རི་དང་པོ”དང་།     གསའ་ཡི་རིག་གནས་གསར་གཏོད་སོགས་ཀྱི་འགྲེམ་སྟོན་ལས་ཐུན་མོང་མ་ཡིན་པའི་མཐོ་སྒང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས། གསང་བའི་གནས་མཆོག་གྲོ་ཚང་དང་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོསVRཉམས་ལེན་དང་འཁྲབ་ཚན་རྩེ་གྲ་འགྲེམ་གཏོང་སོགས་གྲངས་འཛིན་ཅན་གྱི་རྣམ་པའི་ཐོག་ནས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་བསྣན། རེབ་གོང་སྒྱུ་རྩལ་དང་མཚོ་སྔོན་གཙགས་དྲུབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་དེ་བཞིན《བླ་ཤིང》གློག་བརྙན་སོགས་མཉམ་འདྲེས་མཉམ་འགུལ་གྱི་རྣམ་པར་བརྟེན་ནས་ལྟད་མོ་བ་མང་པོ་བཀུག་ཡོད། འགྲེམ་ཚོགས་ཀྱི་དུས་སྐབས་སུ། མཚོ་སྔོན་གྱིས་ཐོག་དང་པོར་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྒོར་འབུམ་ལྔ་བཏང་ནས་འཛད་སྤྱོད་ལ་སྐུལ་སློང་བྱས་པ་དང་། ཡུལ་དངོས་སུ་ཉོ་ཚོང་ནུས་ལྡན་བྱས་པ་དང་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས། དེ་དང་ཆབས་ཅིག རིག་གནས་གསར་གཏོད་ཀྱི་རྩེར་སོན་ཐོན་རྫས5རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས་ཀྱི“རིག་གནས་གསར་གཏོད་ཀྱི་ཀྲུང་གོ”ལྟེ་བའི་འགྲེམ་ཁུལ་གྱི་གྲོང་ཁྱེར་གྱི་ལག་རྟགས་སུ་བདམས་ནས། ཚོགས་ཆེན་གྱི་ལྟེ་བའི་སྟེགས་བུ་རུ་མངོན་པར་བྱས་པ་དང་། མཚོ་སྔོན་གྱི་གྲོང་ཁྱེར་མིང་བྱང་དང་མཐོ་སྒང་གི་ཁྱད་ལྡན་རིག་གནས་སྒྲོག་སྤེལ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར།

ཧྲིན་ཀྲིན་རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས་ཀྱི་རྒྱལ་ཁབ་རིམ་པའི་སྟེགས་བུ་ལ་བརྟེན་ནས། མཚོ་སྔོན་གྱིས་རིག་གནས་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་དང་འགྲེམ་སྟོན་ལ་བརྟེན་ནས་རིག་གནས་སྒྲོག་སྤེལ་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་མཐོ་སྒང་གི་རིག་གནས་རྩེ་གྲ་མཐོ་སྒང་ནས་ཕྱི་རུ་བསྐྱོད་དེ་རྒྱལ་ཡོངས་སུ་ཐོན་པར་རོགས་རམ་བྱས་ཡོད། ཐུན་མོང་མ་ཡིན་པའི་མཚོ་སྔོན་གྱི་རིག་གནས་ལས་གཙང་གསུམ་འབྱུང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་བཞི་ལ་ཁྱབ་པར་བྱས་ནས། དུས་རབས་གསར་པའི་མཚོ་སྔོན་རིག་གནས་ཀྱི་གདེང་ཚོད་དང་མཐོ་སྒང་གི་འགན་ཁུར་མངོན་ཡོད། སྐབས་འདིའི་རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས་ཟླ5པའི་ཚེས25ཉིན་བར་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།