ཟླ5པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཐོན་རྫས་སྤུས་ཚད་བརྟག་བཤེར་ཞིབ་དཔྱད་ཚད་ལེན་ཁང་གིས་སྣེ་ཁྲིད་དེ། མཚོ་སྔོན་ཞིང་ཆེན་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་མཚོ་བོད་ཤེས་བྱའི་ཐོན་དབང་ཞབས་ཞུ་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་ལག་བསྟར་བྱས་པའི་མཐོ་སྒང་གི་ཁྱད་ལྡན་ནོར་གནག་ཐོན་ལས་ཆེད་ཁེ་ཕྱོགས་སྟོན་ལས་གཞི་ལ་ཆེད་མཁས་པས་ཞིབ་བཤེར་རྩིས་ལེན་ཐོབ།
ཐེངས་འདིའི་ལས་གཞི་ཡིས་མཚོ་སྔོན་གྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཟུང་འབྲེལ་དམ་ཟབ་བྱས་ནས། ཕྱོགས་ཡོངས་ནས་གོ་ལ་ཧྲིལ་པོའི་འབྲེལ་ཡོད་ཆེད་ཁེའི་གཞི་གྲངས་འཚོལ་ཞིབ་དང་གསེད་བཀྲོལ་བྱས་པ་དང་། དབྱེ་ཞིབ་གཏིང་ཟབ་དང་ཉེན་ཁའི་སྔོན་ཚུད་ཉེན་བརྡ་ཞིབ་འཇུག་བྱས་ཏེ། ནོར་གནག་གི་ཐོན་ལས་མུ་ཕྲེང་ཡོངས་ཀྱི་ལག་རྩལ་གསར་གཏོད་དང་ཆེད་ཁེའི་བཀོད་སྒྲིག ཁྲོམ་རའི་འགྲན་རྩོད་ཀྱི་སྤྱི་ཡོངས་ཀྱི་རྣམ་པ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་གསལ་པོ་བྱུང་ཡོད། ལས་གཞི་ཡིས་རང་ཞིང་གི་ནོར་ཤའི་ཐོན་རྫས་ལས་སྣོན་དང་། ནོར་གནག་གི་ཐོན་དངོས་ཕལ་བ་རིན་ཐང་མཐོ་བའི་བེད་སྤྱོད་བྱེད་པ། གསོ་སྤེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཆེད་ཁེའི་ལག་རྩལ་གྱི་ལེགས་ཆ་གནད་ལ་འཁེལ་བའི་སྒོ་ནས་གསེད་བཀྲོལ་བྱས་པ་དང་། དུས་མཉམ་དུ་རྒྱུད་བཟང་འདེམས་གསོ་དང་རིམས་ནད་འགོག་སྡོམ། སྐྱུར་བསྙལ་གཟན་ཆས་ཞིབ་འཇུག་གསར་སྤེལ་བྱེད་པ། ནོར་གནག་གི་ཁུ་ལུ་རིན་ཐང་མཐོ་བའི་བེད་སྤྱོད་བྱེད་པ། སྤུས་ཚད་ཁུངས་འདེད་དང་དེ་བཞིན་འཁྱག་ཕྲེང་ཟོང་འགྲུལ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་ཞན་ཆ་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱས།
ཆེད་མཁས་ཚན་ཆུང་གིས་བལྟས་ན། ལས་གཞི་འདིས་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱས་པ་དང་། གྲུབ་འབྲས་མ་ལག་འཐུས་སྒོ་ཚང་བ་དང་གཞི་གྲངས་ཞིབ་ཅིང་ཕྲ་ལ་བློས་འགེལ་ཆོག་པ་བཅས་ཡིན་ལ། ཐབས་ཇུས་དང་གྲོས་གཞི་བཏོན་པ་དེ་ཐོན་ལས་ཀྱི་དོན་དངོས་དང་འཚམ་པས། སྔོན་དཔག་གི་ལས་ཀའི་བྱས་འབྲས་དམིགས་འབེན་ལ་ཐོན་ཡོད་པ་དང་། ལས་གཞི་ལ་ཞིབ་བཤེར་རྩིས་ལེན་ཐོབ་པར་མོས་མཐུན་བྱུང་།
ལས་གཞིའི་གྲུབ་འབྲས་དོན་འཁྱོལ་བེད་སྤྱོད་བྱས་རྗེས། ནོར་གནག་ཐོན་ལས་ཀྱི་མུ་ཕྲེང་ཧྲིལ་པོའི་གསར་གཏོད་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བ། ཐོན་ལས་རྣམ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱིས་ནོར་གནག་ཐོན་ཁུངས་ཀྱི་ལེགས་ཆ་དེ་ལག་རྩལ་གྱི་ལེགས་ཆ་དང་སྤུས་རྟགས་ཀྱི་ལེགས་ཆར་བསྒྱུར་རྒྱུར་རོགས་སྐུལ་བྱེད་པ་བཅས་བྱས་ནས། རྒྱལ་ཡོངས་ནོར་གནག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་ཁུལ་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་རེད།