ཟླ5པའི་ཚེས22ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། ཁྲིམས་འཛིན་ཞིབ་བཤེར་བྱ་བ་བཀོད་སྒྲིག་བྱེད་འགོ་བརྩམས།
ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་དེ་ཁྲིམས་བསྟར་ཞིབ་བཤེར་གྱི་བརྒྱུད་རིམ་ཧྲིལ་པོ་དང་རིམ་པ་སོ་སོར་ཁྱབ་པར་བྱེད་དགོས་པ་དང་། མི་དམངས་བླ་ན་མེད་པའི་འདུ་ཤེས་བརྟན་སྲུང་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་དང་དངོས་ཐོག་བདེན་འཚོལ། གནད་དོན་གྱི་ཁྲིད་ཕྱོགས། ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་བྱ་བའི་རྩ་དོན་གཟབ་ནན་སྒོས་ལག་བསྟར་བྱེད་པ། གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་འགག་རྩའི་རིམ་པར་ལྟ་སྐུལ་ཞིབ་བཤེར་གནད་ལ་འཁེལ་བ་དང་འབེན་ཕྱོགས་ལ་ཤུགས་སྣོན་དགོས། འབྲེལ་ཡོད་ལས་ཁུངས་སོ་སོས་མཐུན་སྦྱོར་དམ་ཟབ་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་སྒོས་ཁྲིམས་འཛིན་ཞིབ་བཤེར་གཏིང་ཟབ་ཏན་ཏིག་དང་དོན་འཁྱོལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས།“བཅའ་ཁྲིམས་སྐོར་ཞིབ”ཀྱི་རལ་གྲི་རྣོན་པོ་སྤྱད་དེ་མཐོ་སྒང་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་སྲུང་སྐྱོང་བྱེད་དགོས།
ཞིབ་བཤེར་ཚན་ཆུང་གིས་ཞིབ་བཤེར་མི་སྣ་ཡོངས་ཀྱིས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ། སྲོལ་ཡིག་གི་ནང་དོན་སློབ་སྦྱོང་ཞིབ་ཚགས་བྱེད་པ་དང་། ཞིབ་བཤེར་གྱི་ཚད་གཞི་ཁོང་དུ་ཆུད་པ། བྱ་བའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཡུལ་དངོས་སུ་ཞིབ་བཤེར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། འབྲེལ་ཡོད་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི“ཁྱོན་ཡོངས་གཅིག”གི་བྱ་བའི་འདུ་ཤེས་བརྟན་པོ་ཆགས་ནས་ཞིང་ཆེན་ཐད་གཏོགས་འགན་ནུས་སྡེ་ཁག་དང་། རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། དེ་མིན་ཁོངས་གཏོགས་སྲིད་གཞུང་བཅས་ཀྱིས་ཕན་ནུས་ཆེ་བའི་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཕྱོགས་ཡོངས་ནས་འགན་སྲུང་བྱེད་དགོས། འཕྲལ་སྒྲུབ་འཕྲལ་བཅོས་དང་ཡུན་ཕན་བཅོས་སྐྱོང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། འགན་འཁྲི་དོན་འཁྱོལ་དང་འགོ་ཁུངས་ནས་འཛིན་སྡོམ་བྱེད་པ། ཚད་ལྡན་སྐྱོབ་བཅོས། མཐའ་སྐྱོར་འགན་སྲུང་། རྒྱུན་རྣམ་ལྟ་སྡོམ་བཅས་འགོག་བཅོས་མ་ལག་ཆེན་པོ་ལྔ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱིས“ཕྱིར་མིག་ལྟ་བ” དག་ཐེར་ལེགས་བཅོས་བྱེད་པ་བཅས་བྱས་ནས། གནད་དོན་བསྐྱར་འབྱུང་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། དམངས་ཆེན་འཐུས་མི་དང་ལས་རིགས་ཀྱི་ཆེད་མཁས་པ། གཞི་རིམ་ལས་བྱེད་པ། འབྲོག་ཁུལ་མང་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་རྒྱ་ཁྱབ་ངང་ཉན་ནས་བསྡུ་ལེན་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཤར་གཏོང་དང་དམངས་ཡོངས་ཀྱིས་མཉམ་དུ་བཅོས་སྐྱོང་དང་ས་ཁོངས་ཡོངས་འགོག་སྡོམ་བྱེད་པའི་སྒྲིལ་ཤུགས་ཆེན་པོ་གཅིག་ཏུ་གྲུབ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། སྟབས་བདེ་དང་དངོས་སྒྲུབ་ཆོད་ཆེ་བཅས་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར། ཡང་དག་ནུས་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན།