
ཟླ12པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་སྤྱི་ལོ་གསར་ཚེས་ཀྱི་ཇ་སྟོན་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་དུ་གསུང་བཤད་གལ་ཆེན་གནང་།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ12པའི་ཚེས31ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ལོ་གསར་ཇ་སྟོན་ཚོགས་འདུ་འཚོགས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་དམངས་གཙོ་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ་དང་། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་དང་དགྱེས་འཛོམས་གནང་ནས2026ལོའི་ལུགས་གསར་ལོ་གསར་བསུས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་གསུང་དོན། ངས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ཏེ་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས། ཞང་ཀང་སྤུན་ཟླ་དང་ཨའོ་མོན་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་དང་། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། 2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ང་ཚོས་དཀའ་ཁག་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱུང་བ་དང་། དོན་ཆེན་དང་བྱ་བ་གལ་ཆེན་མི་ཉུང་བ་ཞིག་བསྒྲུབས་ཡོད། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཁུར་མདུན་སྐྱོད་བྱས་ཏེ། གསར་པ་དང་བཟང་ཕྱོགས་སུ་འཕེལ་ཡོད། མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཐད་གོམ་པ་གསར་པ་སྤོས་ཡོད། དམངས་འཚོ་འགན་ལེན་སྔར་ལས་ནུས་ལྡན་བྱུང་བ་དང་སྤྱི་ཚོགས་སྤྱིའི་བརྟན་བརླིང་རྒྱུན་འཁྱོངས་ཐུབ་ཡོད། ལོ་ལྔའི་རིང་གི་དཀའ་སྤྱད་འབད་བརྩོན་བརྒྱུད། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྒྲིལ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས། ང་ཚོའི་འབད་འབུངས་ཡར་བརྩོན་ཁྲོད་བློ་སྟོབས་དང་སྙིང་སྟོབས། གདེང་ཚོད་བཅས་སྔར་ལས་ཆེ་རུ་ཕྱིན་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གཅིག་རིང་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ནས་སྲིད་གླེང་ཇུས་འདོན་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་བཞག་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ཡིན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མྱུར་གྱིས་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། སྔར་ལས་དགེ་མཚན་ལྡན་ཞིང་ནུས་པ་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་ཐུབ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”གཏན་འབེབས་དང་ལག་བསྟར་བྱེད་པར་དམིགས་ནས། གྲོས་མོལ་སྲིད་གླེང་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག དམངས་གཙོའི་ལྟ་སྐུལ་བཅས་སྤེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སེམས་ཤུགས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཆར་གཞི་བཀོད་ཟིན་པས་ཧུར་བརྩོན་གྱིས་མདུན་དུ་སྐྱོད་པའི་དུས་སུ་སླེབས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དམངས་སེམས་གཅིག་སྒྲིལ་དང་ཡར་རྒྱས་བརྩོན་ལེན་སྒོས་དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་རླབས་ཆེན་བསྐྲུན་པ་དང་། གསར་གཏོད་ལ་བརྟེན་ནས་མ་འོངས་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་སྐྲུན་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཇ་སྟོན་ཚོགས་འདུར་འགོ་འཛིན་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཆུད་པར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམིགས་ཏེ་རང་འགན་གཙང་སྒྲུབ་དང་། ཆེད་དམིགས་གྲོས་མོལ་ལས་ཁུངས་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པར་རྩོམ་པ་དང་གོམ་སྟབས་ལེགས་པར་སྤོ་བར་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་གིས་ དམངས་གཙོའི་ཏང་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ནས་གཏམ་བཤད་དེ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། རང་ངོས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཡག་པོ་ཞུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་ཡུལ་དངོས་སུ་ལྟད་མོ་གྱ་ནོམ་པ་འཁྲབ་སྟོན་བྱས། མཇུག་མཐར། ཚོགས་ར་ཡོངས་ནས《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པའི་གླུ་དབྱངས་བླངས་ཤིང་ཚོགས་རའི་ནང་དགའ་སྤྲོའི་དུས་ཆེན་གྱི་རྣམ་པས་ཁེངས།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ཁག་ཅིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བའི་པེ་ཅིན་དུ་སྡོད་པའི་བློ་མཐུན་རྒན་པ་བཅས་ཇ་སྟོན་ཚོགས་འདུར་ཞུགས།