མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་གངས་འཁྱག་ལུས་རྩལ་འགྲན་ཚོགས་དང་ཀྲུང་གོའི་ཕུགས་འདུན་དང་མཛེས་པའི་ངལ་རྩོལ་པ་ཞེས་པའི་ལས་བཟོ་བའི་གངས་འཁྱག་ལུས་རྩལ་འགྲན་ཚོགས་རི་བོ་གངས་དཀར་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་གངས་འཁྱག་ལུས་རྩལ་འགྲན་ཚོགས་དང་ཀྲུང་གོའི་ཕུགས་འདུན་དང་མཛེས་པའི་ངལ་རྩོལ་པ་ཞེས་པའི་ལས་བཟོ་བའི་གངས་འཁྱག་ལུས་རྩལ་འགྲན་ཚོགས་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་རི་བོ་གངས་དཀར་ནས་སྤེལ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏཱ་ནན་མཛད་སྒོར་ཞུགས་པ་མ་ཟད་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་གངས་འཁྱག་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་མི་དུང་ཕྱུར་གསུམ་གངས་འཁྱག་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད་བྱེད་པའི་འབོད་སྐུལ་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་གངས་འཁྱག་ལུས་རྩལ་གྱི་ཁྱབ་གདལ་དང་མཚོ་སྔོན་ས་གནས་རང་གི་ཐོན་ཁུངས་ཁྱད་སྟོབས་ཟུང་འབྲེལ་གང་ལེགས་བྱེད་པར་སྐུལ་འདེད་བཏང་སྟེ། གངས་འཁྱག་དཔལ་འབྱོར་དང་ལས་བཟོ་བའི་རིག་རྩལ་ལས་དོན་གྱི་འདྲེས་སྦྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཆེད་རེད།

སྐབས་འདིའི་གངས་འཁྱག་ལུས་རྩལ་འགྲན་ཚོགས་ཀྱིས་གངས་རི་དང་འཁྱག་རོམ་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བསྡོམས་པས་རྩལ་འགྲན་རྣམ་གྲངས8དང་། མང་ཚོགས་གངས་རྩེད་བྱེད་པར་དགའ་བའི་རྣམ་གྲངས15བཀོད་སྒྲིག་བྱས་ཡོད་ལ། འགྲན་ཚོགས་དེ2026ལོའི་ཟླ2པའི་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད། དེའི་སྐབས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་གངས་འཁྱག་དུས་ཚིགས་སུ་འགྲན་ཚོགས་དང་བསྟུན་ནས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་འགྲན་སྡུར་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད། རི་ཆུའི་མགོ་ཁུངས་ རི་ཆུའི་འབྱུང་ཁུངས་མཚོ་སྔོན་གྱི་ཡུལ་སྐོར་ཞེས་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཕབ་གཅོག་གི་བྱ་འགུལ་སོགས་གངས་འཁྱག་ཡུལ་སྐོར་མཚམས་སྦྱོར་བྱ་འགུལ་སྤེལ་རྒྱུ་རེད། དེའི་ཞོར་དུ་རི་བོ་གངས་དཀར་སོགས་སྤུས་ལེགས་ཀྱི་གངས་འཁྱག་ཐོན་ཁུངས་ལ་བརྟེན་ནས། ཆུ་ཚད་མཐོ་བའི་གངས་འཁྱག་འགྲན་སྡུར་གསར་སྤེལ་བྱེད་པ་དང་། གངས་འཁྱག་ཡུལ་སྐོར་དང་གངས་འཁྱག་རིག་གནས། གངས་འཁྱག་ལུས་རྩལ་གྱི་རོགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གངས་འཁྱག་གི་སྒུལ་ནུས་ཁ་སྣོན་བྱེད་རྒྱུ་རེད།

མགོ་རྩོམ་མཛད་སྒོའི་སྟེང་། སྙིང་ཁོང་གི་རི་བོ་གངས་དཀར་ཞེས་པའི་གླུ་དབྱངས་ཀྱི་བརྙན་རིས་ཁྱབ་སྤེལ་མཛད་སྒོ་སྤེལ་བ་དང་། སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་གངས་རིའི་རྔམ་བརྗིད་དང་མི་གཞུང་གི་བརྩེ་བ་མངོན་པར་བྱས། དེའི་རྗེས་སུ་གངས་འཁྱག་ལུས་རྩལ་ལ་དགའ་མོས་ཆེ་བའི་ལས་བཟོ་བ300ལྷག་རྐང་ཐང་དུ་འགྲོ་བའི་བྱ་འགུལ་ལ་ཞུགས་ཏེ། གངས་འཁྱག་ཁོར་ཡུག་ཁྲོད་འགུལ་སྐྱོད་བྱེད་པའི་སྤྲོ་བ་དང་རང་བྱུང་མཛེས་ལྗོངས་ཉམས་སུ་མྱངས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།