རིག་གནས་ཀྱི་རྒྱུན་མཐུད་དེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གྲོང་ཁྱེར་རྙིང་པ་བསྒྱུར་བཀོད་དང་གྲོང་ཁྱེར་གསར་པ་གསར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། གྲོང་ཁྱེར་གྱི་རིག་གནས་འབྲེལ་བ་རྒྱུན་མཐུད་བྱས་ཏེ། ལོ་རྒྱུས་དང་དེང་རབས་འདྲེས་བར་བྱེད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་གྲོང་ཁྱེར་གསར་སྒྱུར་དང་བསྒྱུར་བཀོད་བྱེད་པའི་རིང་ལོ་རྒྱུས་རིག་གནས་སྲུང་སྐྱོང་ལ་ཤུགས་བསྣན་ཏེ། རིག་གནས་ཡུལ་སྐོར་གྱི་ནུས་པ་དང་ཐོན་ལས་ཀྱི་ནུས་པ་བརྒྱུད་ནས། “ས་གནས་ཀྱི་མཚོན་རྟགས་རྙིང་པ”དེ“མིང་བྱང་གསར་པ”རུ་འགྱུར་བར་སྐུལ་འདེད་བཏང་ཞིང་། ཁྲོམ་གཞུང་རྙིང་པར་གསོན་ཤུགས་གསར་པ་བསྣན་ནས། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས།

མཛེས་སྡུག་གི་རི་ཆུ་ལས་རིག་གནས་ཀྱི་བླ་སྲོག་མངོན།  རིག་གནས་དང་གྲོང་ཁྱེར་མཉམ་དུ་དར་རྒྱས་བྱུང་བའི“ཀྲུང་གོའི་རྒྱུགས་ལེན”དེ་ཀྲུང་གོའི་ས་གཞི་ཆེན་མོར་ངོ་མཚར་ཆེ་བའི་ངང་འབྲི་བཞིན་ཡོད།

གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཆིག་སྟོང་སུམ་བརྒྱ་སླེབས་ཡོད་ལ། ལོ་ལྔའི་སྔོན་ལས་བཞི་བརྒྱ་བཞི་ཡིས་ཇེ་མང་དུ་ཕྱིན་ཡོད། གཏན་འཁེལ་བྱས་པའི་ལོ་རྒྱུས་ཀྱི་འཛུགས་སྐྲུན་དྲུག་ཁྲི་བརྒྱད་སྟོང་དགུ་བརྒྱར་སླེབས་ཡོད་ལ། ལོ་ལྔའི་སྔོན་ལས་ཉིས་ཁྲི་དྲུག་སྟོང་འཕར་ཡོད། གྲངས་འབོར་མང་དུ་ཕྱིན་པ་དང་གནའ་གྲོང་གི་ཁྲོམ་གཞུང་རྙིང་པའི་མི་ཡང་མང་དུ་ཕྱིན་ཡོད། དེ་སྔའི“པར་ལེན་ས་ཆུང་ཆུང་”དེ་ད་ལྟ་གྲོང་ཁྱེར་ཚང་མའི་རིག་གནས་ཀྱི་ཡིད་ཆེས་མཚོན་པའི་རྣམ་པ་ཞིག་ཏུ་གྱུར་ཡོད།

སྲོལ་རྒྱུན་གྱི་ཁྲོམ་གཞུང་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་གནའ་བོའི་བཟོ་སྐྲུན་ལ་སྲུང་སྐྱོང་ཡག་པོ་བྱེད་པ། རིག་དངོས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་འབྱུང་རྩ་ཉར་ཚགས་བྱས་པ་རེད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་གནང་སྐབས་ས་གནས་ཀྱི་གནའ་གྲོང་གི་ཁྲོམ་གཞུང་རྙིང་པར་འཚམས་འདྲི་ཐེངས་མང་གནང་ནས་ལོ་རྒྱུས་ཀྱི་རིག་གནས་འབྱུང་རྩ་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་ཡང་གནང་བ་རེད། “གནའ་བོའི་བཟོ་བཀོད་དང་། སྡོད་ཁང་རྙིང་པ། ཁྲོམ་གཞུང་རྙིང་པ་བཅས་ལ་གཅེས་སྤྲས་ཀྱི་བསམ་པ་དང་གུས་བཀུར་གྱི་བསམ་པ་ཡོད་དགོས”ཞེས་པ་ནས། “ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཡུལ་སྐོར་འཕེལ་རྒྱས་དང་། ཁྱད་ཆོས་ལྡན་པའི་གཉེར་སྐྱོང་། གནའ་གྲོང་སྲུང་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པའི་བར། “ལོ་རྒྱུས་རིག་གནས་ཀྱི་ཁྲོམ་ཁུལ་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་དེ་དག་ལ་མཚར་སྡུག་རྣམ་པར་བཀྲ་བར་བྱ་དགོས་པ་ནས། “ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་། ཁྲོམ་ལམ། གྲོང་ཚོ་དང་གྲོང་རྡལ་བཅས་ཀྱི་སྤྱི་ཡོངས་སྲུང་སྐྱོང་དང་གསོན་ཉམས་ལྡན་པའི་རྒྱུན་འཛིན་ལ་ཤུགས་སྣོན་པའི”བར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས།  དུས་རབས་གསར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་མཁོ་འདོན་བྱས་ཡོད།

ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོའི་གྲོང་ཁྱེར་འཆར་འགོད་སློབ་ཚོགས་ཀྱི་ལས་འཛིན་མགོ་གཙོ་གཞོན་པ་ཝང་ཅན་གོ་ཡི་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རང་རྒྱལ་དུ་གཞི་རྩའི་ཆ་ནས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་རིག་གནས་ཀྱི་རིན་ཐང་ཐེག་པའི་གྲོང་ཁྱེར་དང་གྲོང་རྡལ་སོགས་མཉམ་འདུས་རྣམ་པའི་གསོན་ཉམས་དོད་པའི་ཤུལ་བཞག་གཙོ་བོར་བྱེད་པ་དང་རྒྱབ་རྟེན་དུ་བྱེད་པའི་ལངས་གཟུགས་སྲུང་སྐྱོང་གི་རྣམ་པ་གྲུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་རྣམ་པ་གསར་པ་མངོན་པ་དང་སྐས་རིམ་གསར་པར་སླེབས་ཡོད་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། སྲུང་སྐྱོབ་ཀྱི་ཁེབས་ཚད་སྔར་ལས་འཐུས་ཚང་དུ་གྱུར། གནས་སྤོ་མི་ཐུབ་པའི་རིག་དངོས་བདུན་འབུམ་དྲུག་ཁྲི་ལྷག་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་བརྒྱ་དང་ཞེ་གསུམ། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་སྡེ་བ་གྲགས་ཅན་བརྒྱད་བརྒྱ། སྲོལ་རྒྱུན་གྲོང་ཚོ་བརྒྱད་སྟོང་བརྒྱ་དང་ང་ལྔ་ཡིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཕྱོགས་བསྡུས་གཞི་རྟེན་གྲུབ་ཡོད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་རིག་དངོས་ལ་བེད་སྤྱོད་ཀྱི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད། རྒྱལ་ཡོངས་སུ་ཁྲོམ་ལམ་རྙིང་པ་དྲུག་སྟོང་ལྔ་བརྒྱ་ལྷག་དང་། བཟོ་གྲྭ་ཁུལ་རྙིང་པ་བདུན་བརྒྱ་ལྷག་སྒྱུར་བཀོད་བྱས་ཡོད། གྲོང་ཁྱེར་བདུན་བཅུ་ལྷག་ལ་ལོ་རྒྱུས་ཀྱི་བཟོ་སྐྲུན་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཚོད་ལྟ་བྱས་པ་དང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་ང་བརྒྱད་དང་ཁྲོམ་གཞུང་རྙིང་པ་བཅུ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་དུ་གྱུར་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ས་གནས་ཁག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་ཆིག་ཁྲི་ཉིས་སྟོང་དགུ་བརྒྱ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། འབྲེལ་ཡོད་ཐོན་ལས་ཀྱིས་མི་གྲངས་ས་ཡ་གཅིག་ཉིས་འབུམ་ལྷག་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད་ལ། དེ་དང་ཆབས་ཅིག་གཟུགས་འདས་ཤུལ་བཞག་རིག་གནས་མཛེས་ལྗོངས་ཁུལ་དང་། ཁྲོམ་ལམ། མཁར་སྡེ་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་གཟུགས་འདས་ཤུལ་བཞག་རིག་གནས་འཛད་སྤྱོད་བག་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། གནའ་གྲོང་གི་ཁྲོམ་གཞུང་རྙིང་པ་དེ་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གསར་པ”ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས“རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བེད་སྤྱོད་བཟོ་སྐྲུན”ལག་བསྟར་བྱས་པ་བརྒྱུད། རིམ་རྩིས་བྱས་ན་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་དང་གྲགས་ཅན་སྡེ་བ79ལ་སྤྱི་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་ཐེར་འབུམ་དྲུག་དུང་ཕྱུར་དྲུག་བྱེ་བ་བདུན་བཏང་བ་དང་། མིག་སྔར་སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཐེར་འབུམ་བདུན་དུང་ཕྱུར་གཉིས་བསྡུས་ཡོད། ཧྥུ་ཅན་ཆོན་ཀྲོའུ་རུ། གནའ་གྲོང་ནུབ་ལམ་སོགས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་བཅོས་སྒྲིག་རིམ་སྤོར་བྱས་པ་བརྒྱུད། ད་ལོར་ཡུལ་སྐོར་ཡོང་འབབ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་ལས་བརྒལ་ཡོད་ལ། གཞི་ཁྱོན་ལྡན་པའི་རིག་གནས་ཐོན་ལས་གཉེར་སྐྱོང་གི་ཡོང་འབབ་ན་ནིང་གི་དུས་མཉམ་ལས29.5%འཕར་ཡོད།

ད་ལོ་ནས་བཟུང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག“ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་ལས་ལ་ཕྱོགས་པའི་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས”ཞེས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི《གྲོས་གཞི》ནང“གསར་གཏོད་དང་། སྡོད་ལ་འཚམ་པ། མཛེས་སྡུག་ལྡན་པ། མཉེན་ཆ་ལྡན་པ། ཤེས་དཔལ་དང་བློ་གྲོས་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས”ཞེས་གསལ་པོར་བཏོན་ཡོད། ས་གནས་སོ་སོས་གྲོང་ཁྱེར་གསར་སྒྱུར་དང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འཛུགས་སྐྲུན་ནུས་ཁུངས་གྲོན་ཆུང་དང་ཚན་རྩལ་སི་ཡི་སི་ཀྲང་ཁྲེན་ཧྲའོ་ཕེང་གིས་བཤད་རྒྱུར།

ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོང་ཁྱེར་གསར་སྒྱུར་གྱི་འཆར་འགོད་གང་མགྱོགས་བཟོ་བ་དང་། གྲོང་ཁྱེར་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་མཚམས་རེ་རེ་རུ་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།