མཚོ་སྔོན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པའི་མཛད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས5ཉིན་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཐོག་མ་སྟེ་ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་ཟི་ལིང་དུ་འཛུགས་བསྐྲུན་ལེགས་འགྲུབ་བྱས་ཏེ་བེད་སྤྱོད་བྱེད་འགོ་བརྩམས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས།  ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི།  ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཁྲའེ་ཝེ་བཅས་མཛད་སྒོར་ཞུགས་པ་མ་ཟད་མཉམ་དུ་སྨན་བཅོས་ལྟེ་གནས་ཀྱི་ཡོལ་རས་ཕྱེས།  ལུའོ་ཏུང་ཁྲོན་དང་ཁྲའེ་ཝེ་གཉིས་ཀྱིས་ཤིས་ཚིག་ཕུལ།

ལའོ་ཏུང་ཁྲོན་གྱིས་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལྟེ་གནས་འཛུགས་བསྐྲུན་ལེགས་འགྲུབ་བྱས་ཏེ་སྤྱོད་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་དང་ཁོངས་གཏོགས་སྨན་ཁང་དང་པོས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས།  ཁོས་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་།  མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་བྱས་པའི་བྱ་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་བའི་བརྩེ་སེམས་དང་ཐུགས་ཁུར་མཚོན་པ་དང་།  མཚོ་སྔོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས།  རང་ཞིང་གི་ནད་ཚབས་ཆེན་གྱི་གསོ་བཅོས་ནུས་པ་མཐོར་འདེགས་དང་།  མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་བཏང་ནས།  བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།  འགོ་འཛུགས་ས་གསར་བ་ནས་ལངས་ཏེ།  སྨན་བཅོས་ལྟེ་གནས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་།  མཐོ་སྒང་དུ་འབྱུང་སླ་བའི་ནད་རིགས་སྔོན་འགོག་དང་གསོ་བཅོས་ཀྱི་དགོས་མཁོར་དམིགས་ནས།  ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་དང་སྨན་བཅོས་ལག་རྩལ་གྱི་གསར་གཏོད་ལ་ཤུགས་བསྣན་ཏེ།  ཏན་ཏིག་གིས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དེ་མཐོ་སྒང་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་འགན་སྲུང་བརྟན་པོར་བསྒྱུར་བའི་རེ་བ་བཅངས་ཡོད་ལ།  རྒྱ་ཆེ་བའི་སྨན་བཅོས་ལས་བྱེད་མི་སྣས་སྨན་པའི་ཐོག་མའི་ཕུགས་འདུན་ལ་བརྩི་སྲུང་ནན་པོ་བྱེད་པ་དང་།  བཀའ་དྲིན་ཚོར་བ། བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་ནམ་རྒྱུན་གྱི་ནད་བརྟག་སྨན་བཅོས་ཁྲོད་འདྲེས་པར་བྱས་ཏེ།  རླབས་ཆེན་གྱི་བྱམས་སེམས་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་གི“སྲུང་སྐྱོབ་མཁན”ཞིག་བྱེད་པའི་རེ་བ་བཅངས་ཡོད་པར་མ་ཟད། ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་དང་ཁོངས་གཏོགས་སྨན་ཁང་དང་པོས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  འཇོན་མི་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་གི་གསར་གཏོད་སོགས་ཀྱི་ཐད་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ཏེ།  མཚོ་སྔོན་ལ་ཆུ་ཚད་མཐོ་བའི་སྨན་བཅོས་ཀྱི་དཔུང་ཁག་ཅིག་འཛུགས་པར་རོགས་རམ་བྱ་རྒྱུའི་རེ་བ་བཅངས་ཡོད།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་འགན་སྲུང་དང་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ།  ལག་རྡང་སྦྲེལ་ནས་སྨན་བཅོས་ལྟེ་གནས་འཛུགས་བསྐྲུན་ལེགས་འགྲུབ་བྱས་པ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་།  མཐོ་སྒང་ལ་ཕན་བདེ་བསྐྲུན་པའི་སྨན་བཅོས་ཀྱི་མཐོ་ས་བཙུགས་ནས།  བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།

ཝང་ལིས་མུན་དང་ཀྲུའུ་ཞང་ཧྥུང་མཛད་སྒོར་ཞུགས། ཁྲེང་ཅིས་ཝུའེ་ཡིས་བེད་སྤྱོད་བྱེད་འགོ་ཚུགས་པའི་མཛད་སྒོར་འགོ་འཛིན་བྱས། མཚོ་སྔོན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་འགན་འཁུར་བློ་མཐུན་གྱིས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་བྱས།

མཛད་སྒོ་མ་སྤེལ་གོང་།  ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན།  མགོན་པོ་བཀྲ་ཤིས་བཅས་ཀྱིས་ཡུལ་དངོས་ནས་སྨན་ཁང་གི་སྒྲིག་ཆས་དང་སྨན་བཅོས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང12.3ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི11.72ཡོད།  ཁྱོན་སྡོམ་ནད་ཐོག་སྨན་བཅོས་ཀྱི་རིག་ཚན22བཀོད་སྒྲིག་བྱས་ཡོད་པ་དང་།  དུས་རིམ་དང་པོར་ཉལ་ཁྲི582བེད་སྤྱོད་བྱེད་པའི་འཆར་གཞི་ཡོད་ལ།  ཁྱད་ཆོས་ཅན་གྱི་རིག་ཚན་ཚོགས་པའི་ཁྲོད་ཀླད་སྙིང་ཁྲག་རྩའི་ཁོང་ནད་ཚན་ཁག་དང་།  ཀླད་སྙིང་ཁྲག་རྩའི་ཕྱི་ནད་ཚན་ཁག  དབང་རྩའི་ཁོང་ནད་ཚན་ཁག  དབང་རྩའི་ཕྱི་ནད་ཚན་ཁག་དང་ནད་ལྕི་མོའི་གསོ་བཅོས་ཚན་ཁག་བཅས་ཡོད།  མིག་སྔར་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ལག་རྩལ་གསར་བ77ནང་འདྲེན་བྱས་ཡོད་ལ།  དེའི་ཁྲོད་ཞིང་ཆེན་ནང་ཁུལ་གྱི་སྟོང་ཆ་ཁ་བསྐང་བའི་རྣམ་གྲངས45ཡོད་པ་དང་། རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པའི་རྣམ་གྲངས10ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།