མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར་བའི2025ལོའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི”རྩོམ་རིག་གི་ལག་ལེན་བྱེད་སྒོ་ཟི་ལིང་དུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་གཏམ་བཤད་པ་མ་ཟད། རྩོམ་རིག་གི་ལག་ལེན་བྱེད་སྒོ་སྤེལ་འགོ་བརྩམས་པ་བསྒྲགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན་གཞོན་པ་དབྱང་ཧྥེང་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་བྱེད་སྒོར་ཞུགས།
འགོ་རྩོམ་མཛད་སྒོའི་ཐོག《རིག་རྩལ་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལིའུ་ཐིང་དང་། 《མི་རིགས་རྩོམ་རིག》གི་གཙོ་སྒྲིག་པ་ཁྲེན་ཡ་ཅུན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྲི་དབྱི་ཉིང་གིས་ཤིས་ཚིག་ཕུལ། ཆེད་མཁས་པ་ཚོས་མཚོ་སྔོན་ནི་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་བྱེད་པའི་གཤིན་ས་ཞིག་ཡིན་ཞིང་། གནས་འདིའི་བརྩམས་ཆོས་ནི་མི་རིགས་མང་པོ་མཉམ་སྡོད་མཉམ་འདྲེས་ཀྱི་འཚོ་བའི་ཡུལ་དངོས་སུ་རྐང་ཚུགས་ཡོད་པ་དང་། ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ཉམས་འགྱུར་དང་མི་རིགས་ཀྱི་དྲོད་ཚད་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་རྩོམ་རིག་གི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད་ལ། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གི་མངའ་ཁོངས་ཁྲོད་ཀྱི་ཁྱད་ཆོས་ལྡན་པའི“བསམ་པའི་ས་རྟགས”ཤིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད།
འགོ་རྩོམ་མཛད་སྒོའི་རྗེས་སུ། རྩོམ་པ་པོའི་བརྩམས་ཆོས་ཀྱི་ཞིབ་ཀློག་ཚོགས་འདུ་རྒྱུན་མཐུད་ངང་སྤེལ། ཀུའོ་ཅན་ཆང་དང་། ཝང་ལི་དབྱི། ཁུང་ཀྲན་ཧྥང་། ཨ་ཅ། པི་ཡན་ཅུན། ཞུའེ་ཀུའེ། ལིའུ་ཏ་ཝེ་སོགས་ཞིང་ཆེན་གྱི་ལྟེ་གནས་རྩོམ་པ་པོ་དང་། དཔྱད་གཏམ་པ་རྣམས་ཀྱིས་མཚོ་སྔོན་གྱི་རྩོམ་པ་པོ་མི་རབས་རྒན་གྲས་རྡོ་རྗེ་ཚེ་བརྟན་དང་། ཁྲ་སེན་ཨའོ་ལ། མ་ཞུའེ་ཀུང་། ཚེ་བརྟན་བཅས་ཀྱི་བརྩམས་ཆོས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ། མཐོ་སྒང་གི་ལས་ལ་གཞོལ་བའི་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་མཁན་འདི་དག་ལ་གུས་འདུད་ཞུ།
ཐེངས་འདིའི་རྩོམ་རིག་གི་ལག་ལེན་བྱེད་སྒོ་ནི་མཚོ་སྔོན་གྱིས་རིག་གནས་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་དང་། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་གི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། རྩོམ་རིག་གི་སྨྱུ་གུ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་དུས་རབས་ཀྱི་ལན་བཏབ་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་ཆེད་ཡུན་རིང་ལ་གཏིང་ཟབ་པའི་རྩོམ་རིག་གི་སྟོབས་ཤུགས་བསྣན་ཡོད།