མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཆེད་དོན་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞང་ཀང་ཞིན་ཅེ་ཏ་པུའུ་ཁུལ་གྱི་སྡོད་ཁང་ཐོག་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་དངོས་འབེབས་ནན་མོ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་དང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་སྟོད་ཀྱི་མེ་ཟོན་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ལ་འགན་སྲུང་བྱས། ཧྲིན་ཀྲང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་ཧ་ཅང་ལྕི་ཞིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་འབྲེལ་ཡོད། ལོ་མཇུག་དང་ལོ་སྟོད་ནི་མེ་སྐྱོན་དང་ཆག་སྒོ་འབྱུང་སླ་བའི་དུས་སྐབས་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་མིག་སྔའི་མེ་ཟོན་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཐད་འཕྲད་པའི་ཛ་དྲག་གི་གནས་བབ་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཚད་མཐའི་བསམ་ཕྱོགས་ཇེ་དྲག་ཏུ་གཏོང་བ། ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ལ་བརྟེན་ནས་མེ་ཟོན་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སོ་སོ་དམ་འཛིན་བཟང་བོ་བཅས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཉེན་ཁ་སེལ་བ་དང་མངོན་མེད་རྐྱེན་ངན་མེད་པར་བྱེད་པ། བདེ་འཇགས་ལ་འགན་སྲུང་བཅས་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་མེ་ཟོན་བྱ་བར་ཞིབ་འཇུག་བྱེད་པའི་གྲོས་ཚོགས་ཀྱི་བླང་བྱ་དངོས་འབེབས་ནན་མོ་བྱེད་པ། ཉེན་ཁའི་འབྱུང་རྩ་འགོག་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་གཅིག་ཤེས་ཀུན་གྲོལ་གྱིས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཞིབ་བཤེར་བྱེད་པ། མི་འདང་ས་ཁ་གསབ་དང་ཉེན་ཁ་འགོག་སེལ་སོགས་ཀྱི་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབ་པ། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་འགོག་སྲུང་བྱ་བ་སོ་སོ་དངོས་འབེབས་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་སྒོས་དོན་རྐྱེན་ཚབས་ཆེན་འབྱུང་བ་སྔོན་འགོག་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། གཙོ་གནད་འབུར་ཐོན་དང་གནད་ཕིགས་ཇུས་བསྟར། མཉམ་འཛིན་སྤྱི་སྒྲུབ། རྩ་ལག་མཉམ་བཅོས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཐོག་ཁང་གི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་ཐད་ཀྱི་ཞིབ་བཤེར་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་བ། ཐོག་ཁང་དང་མི་སྣ་འདུ་འཛོམས་མང་བའི་གནས། སྡོད་ཁང་རྙིང་བ་སོགས་ཁྱབ་ཁོངས་གཙོ་བོར་དམ་དུ་དམིགས་ནས་མངོན་མེད་རྐྱེན་ངན་གཙོ་བོར་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་ནན་མོ་བཅས་བྱས་ནས་མེ་ཟོན་བདེ་འཇགས་འགོག་ར་ཕྱོགས་ཡོངས་ནས་བརྟན་སྲུང་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་བཟོ་ཚོང་། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། ཨར་ལས་བཟོ་སྐྲུན། གཏེར་རི། མཁར་གྲོང་གི་སོལ་རླངས། དགུན་དུས་ཡུལ་སྐོར་སོགས་ཁྱབ་ཁོངས་དང་དགུན་དཔྱིད་དུས་ཀྱི་གནད་འགག་དུས་སྐབས་ལ་དམིགས་ནས་འགོ་ཁུངས་བཅོས་སྐྱོང་བྱེད་ཤུགས་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས། ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བའི་སྤུས་ཚད་བཅས་སྔར་ལས་མཐོར་འདེགས་གཏོང་བ། བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་སྤྱི་བའི་བདེ་འཇགས་བྱ་བ་སོ་སོ་དམ་འཛིན་ནན་མོ་བཅས་བྱས་ནས་སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་བརྟན་འཇགས་དང་མི་དམངས་ཀྱི་བདེ་འཇགས་བརྟན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲང་ཅིན་ཀང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཁྲིན་ཅི་ཝེ་གྲོས་ཚོགས་ལ་ཞུགས།