
འདི་ནི་ཡོངས་བཤེར་ལས་དོན་རུ་ཁག་གི་མི་སྣས་ཡུལ་དངོས་སུ་གཞི་གྲངས་འཚོལ་སྡུད་བྱེད་པའི་རྣམ་པ་རེད།
ཟླ11པའི་ཚེས27ཉིན། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། བོད་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་བའི་དུས་མཚམས་གཉིས་པའི་ལས་དོན་སྤེལ་བའི་རིང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཡོངས་བཤེར་རུ་ཁག་གིས་རྫོང་ཁོངས་སྡེ་ཚན་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཡུལ་དངོས་རྟོག་ཞིབ་ལ་སྐུལ་འདེད་བཏང་བར་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རིག་དངོས་གསར་བ3346རྙེད་པ་དང་འཕར་བའི་བསྡུར་ཚད78.2%ལ་སླེབས་ཡོད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་གསལ་ལྟར་ན། 2024ལོའི་ཟླ4པར་བོད་ལྗོངས་ཀྱིས་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་བའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་དངོས་ཡོད་རིག་དངོས་ཐོན་ཁུངས7623ལ་བརྟག་དཔྱད་བྱས་ཤིང་། དེའི་ཁྲོད"ཡོངས་བཤེར་ཐེངས་གསུམ་པའི"རིག་དངོས4277གྱི་བསྐྱར་ཞིབ་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་འགྲུབ་ཡོད།
བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་རིག་དངོས་ཡོངས་བཤེར་ལས་དོན་སྤེལ་བའི་རིང་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་སྡེ་ཚན་ཚང་མར་རིག་དངོས་གསར་བ་རྙེད་ཡོད། དེའི་ཁྲོད་གཞིས་ཀ་རྩེ་དང་ལྷོ་ཁ། མངའ་རིས་བཅས་སུ་རིག་དངོས་གསར་བ500ལྷག་རྙེད། ས་བབ་མཐོ་ཚད་སྨི5303.8མཚམས་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་ས་དགའ་རྫོང་གི་ཕིན་ཡུང་ཀྲོའུ་བྲག་བརྐོས་རི་མོ་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གསར་རྙེད་རིག་དངོས་ཁོང་དུ་ཚུད་ཡོད།
གསར་དུ་རྙེད་པའི་རིག་དངོས་ནང་གནའ་བོའི་རིག་གནས་རྗེས་ཤུལ་དང་གནའ་བོའི་བང་སོ། གནའ་བོའི་བཟོ་སྐྲུན། བྲག་ཕུག་ལྷ་ཁང་། རྡོ་བརྐོས་མ། ཉེ་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་དང་དཔེ་མཚོན་རང་བཞིན་གྱི་བཟོ་སྐྲུན་སོགས་རིགས་མང་པོ་འདུས་ཡོད། དེའི་ཁྲོད་གཙོ་གནད་ཁྱབ་ཁོངས་ཀྱི་བརྟག་དཔྱད་མཁར་གྲོང་དང་གྲོང་རྡལ། གྲོང་ཚོ་གྲགས་ཅན་དང་ལོ་རྒྱུས་རིག་གནས་སྲང་ལམ་ཁུལ། སྲོལ་རྒྱུན་གྲོང་སྡེ། བཟོ་ལས་རིགས་ཀྱི་རིག་དངོས་ཐོན་ཁུངས། དཔེ་མཚོན་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང་སོགས་ལ་འབྲེལ་ཡོད།

འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་ས་དགའ་རྫོང་གི་ཕིན་ཡུང་ཀྲོའུ་བྲག་བརྐོས་རི་མོ་ཁ་ཤས་རེད།
གཞན་ཡང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆེད་དམིགས་བཀོད་སྒྲིག་བྱས་པ་གཞིར་བཟུང་། ཐེངས་འདིའི་ཡུལ་དངོས་བརྟག་དཔྱད་ལས་དོན་སྤེལ་བའི་རིང་། བོད་ལྗོངས་ཀྱིས་མཐའ་མཚམས་རྫོང21དུ་ཆེད་དོན་བརྟག་དཔྱད་དང་རིག་དངོས1149བསྐྱར་ཞིབ་ལས་དོན་སྤེལ་ཤིང་། དེའི་ཁྲོད་མཐའ་སྲུང་རྗེས་ཤུལ254གསར་དུ་རྙེད་པའི་རིག་དངོས་ནང་བཅུག་སྟེ། མཐའ་མཚམས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་མཐའ་ཁུལ་ལོ་རྒྱུས་ཞིབ་འཇུག་ལ་དངོས་ཡོད་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ཤེས་གསལ་ལྟར་ན། རྗེས་མར་བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཡོངས་བཤེར་མགོ་ཁྲིད་ཚན་ཆུང་གིས་མཁའ་རྙིང་གསར་བ་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་ཁུངས་དཀར་ཆག་ངོས་འཛིན་དང་འཛུགས་པའི་བྱ་བ་ལེགས་པོར་སྒྲུབ་པ། དེ་དང་ཆབས་ཅིག རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་སྐོར་དགུ་བ་གདམ་གསེས་སྙན་ཞུ་སོགས་ལས་དོན་སྤེལ་ནས་བོད་ལྗོངས་ཀྱི་སྤོ་མི་རུང་བའི་རིག་དངོས་ཐོན་ཁུངས་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། །