ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཐོ་སྒང་གི་གྲང་བསིལ་སྔོ་ཚལ་དང་འཁྱག་ཉ་ཡིས་མཚོན་པའི“གྲང་གཉིས”ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མངོན་གསལ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་གཞི་གསར་པར་གྱུར་ཡོད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་ངང་འཕར་ནས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་ཟིན་པ་དེ་དུས་མཚུངས་ལས52.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། དེའི་ཁྲོད་གྲང་ཙོང་ཉ་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ཟིན་ཡོད་ལ་ལྡབ1.4འཕར་ནས་ཕྱིར་གཏོང་བྱེད་ཚད་རྒྱུན་ཆད་མེད་པར་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་པ་དང་། སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཏུན3986.4ཟིན་པ་དེ་ལྡབ2.3འཕར་ནས་འབྲས་ཚེར་མ་དང་གྲང་བསིལ་སྔོ་ཚལ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ཤེས་གསལ་ལྟར་ན། ཞིང་ཆེན་ཚོང་དོན་ཐིན་གྱིས་སྲིད་ཇུས་དང་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། གཙོ་གནད་འགྲེམས་ཚོགས་དང་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་སོགས་ཀྱི་རྒྱབ་སྐྱོར་བསྡུར་ཚད་ཇེ་མཐོར་གཏོང་བ། ཉེན་ཁའི་སྔོན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ་བཅས་བྱས་པར་མ་ཟད། ཟི་ལིང་དང་། མཚོ་ཤར། མཚོ་ལྷོ་སོགས་ཐོན་ཁུངས་གཙོ་བོར་བསྐྱོད་དེ“སྲིད་ཇུས་ཁྱིམ་ཚང་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་སྤེལ་བ་དང་། ཐོན་སྐྱེད་གཉེར་སྐྱོང་གི་མ་རྩའི་ཁ་གསབ་དང་ཡིད་རྟོན་འགན་བཅོལ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། ཁེ་ལས་ཀྱིས་ཕྱིར་གཏོང་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་ནུས་ལྡན་བྱས། ཚོང་རྟགས་གྲགས་ཅན་ར་སྤྲོད་དང་འཛུགས་སྐྲུན་བྱེད་པའི་ཐད་ཁེ་ལས་ཀྱིས་རྒྱལ་སྤྱིའི་ར་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། “མཚོ་སྔོན་གྱི་ཟས་མཆོག་ཕྱིར་འཚོང་བྱེད་པ”སོགས་ཀྱི་རྣམ་པ་བརྒྱུད་དེ་རིགས་མང་པོའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་ཁྲིད་བྱས། དུས་མཚུངས་སུ་སྣ་མང་ཚོང་ར་དང་དངོས་ཟོག་འགྲེམས་སྐྱེལ་དྲ་བ་ཧུར་ཐག་སྒོས་རྒྱ་བསྐྱེད་གཏོང་བ་དང་། མཚོ་སྔོན་ནས་ཞང་ཀང་དང་ཨའོ་མིན་བར་གྱི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་སྒྲིག་འཛུགས་དང་། ཨེ་ཤ་ཡ་ཤར་ལྷོའི་རྒྱུད། ཨེ་ཤ་ཡ་དབུས་མར་དཔལ་འབྱོར་ཉོ་ཚོང་མཚམས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ་བར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་བསྐྲུན་ཏེ། རྒྱལ་སྤྱིའི་མཉམ་ལས་བར་སྟོང་སྔར་ལས་རྒྱ་སྐྱེད་གཏོང་བ་དང་། “མཚོ་སྔོན་རྟགས་ཅན”གྱི་ཞིང་ལས་ཐོན་རྫས་ཀྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་། ཁེ་ལས་ཀྱིས་ཧ་སག་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་སོགས་རྒྱུ་ལམ་གཙོ་བོ་རུ་ཕྱི་རྒྱལ་གྱི་མཛོད་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ“གྲང་གཉིས”ཐོན་རྫས་ལ་ཕྱི་རྒྱལ་གྱི་འདེགས་སྐྱོར་བརྟན་པོ་འཛུགས་དགོས།
ཞིང་ཆེན་ཚོང་དོན་ཐིང་གི་གཅིག་གྱུར་མཛུབ་སྟོན་འོག ས་གནས་ཁག་གི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་ཧུར་ཐག་སྒོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་རྒྱལ་སྤྱིའི་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ཟི་ལིང་དང་མཚོ་ཤར་སོགས་སྔོ་ཚལ་ཐོན་ཁུལ་གཙོ་བོ་དག་གིས་མུ་མཐུད་དུ་ཕྱིར་གཏོང་ཐབས་ལམ་རྒྱ་བསྐྱེད་དེ། ཚོད་དཀར་དང་། གཡེར་མ། ཞོག་ཁོག་སོགས་ཁྱད་ལྡན་སྔོ་ཚལ་བདེ་བླག་ངང་ཨེ་ཤ་ཡ་དབུས་མ། ཨེ་ཤ་ཡ་ཤར་ལྷོ། ཨའོ་མིན་བཅས་ཀྱི་ཚོང་རར་ནང་འདྲེན་བྱེད་པར་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཐོག་མར་གཞུང་ལམ་ཐོག་སྔོ་ཚལ་ཕྱིར་གཏོང་བྱེད་ཐུབ་ཡོད་ལ། མཚོ་ཤར་གྱི་གྲང་བསིལ་སྔོ་ཚལ་ད་ལོར་ཨའོ་མིན་དུ་ཕྱིར་གཏོང་བྱེད་པའི་འགག་གནད་ལས་སྒྲོལ་བར་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་འཁྱག་ཉ་ཐོན་ཁུལ་གྱིས་སྤུས་ཚད་མཐོ་རུ་གཏོང་བ་དང་ཚོང་རྟགས་འཛུགས་སྐྲུན་དང་རྒྱལ་སྤྱིའི་བདེན་དཔང་ར་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ། འཁྱག་ཉ་སོགས་ཆུའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཆེས་ཆེར་འཕར་རྒྱུར་སྐུལ་འདེད་བཏང་ནས“གྲང་གཉིས”ཀྱི་སྣེ་ཁྲིད་དང་སྣ་ཁ་མང་བའི་མཉམ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད། དུས་མཚུངས་སུ་སོན་རྒྱུའི་ཐོན་ཁུངས་ཕྱིར་གཏོང་ལ་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་འབྲུ་རིགས་ལི་གྲོའི་ས་བོན་སི་ཕེན་དང་ཏེན་མག་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་བདེ་བླག་ངང་ཕྱིར་གཏོང་བྱས་པ་དང་པད་ཁའི་ས་བོན་མོང་གོལ་རྒྱལ་ཁབ་ཏུ་ཕྱིར་གཏོང་བྱས་པས“ས་མཐོའི་གྲང་ངར”སྤུས་རྟགས་ཀྱི་ཚན་རྩལ་ནང་དོན་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་ཆེ་རུ་ཕྱིན།