ཟླ11པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་ལམ་རང་ཞིང་གི་རྟ་ཐང་ཆུ་བོར་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཏེ་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྫས་ཐོན་ཁུངས་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་དང་བྱེད་ནུས་རིགས་བགར་ཁུལ་ལེགས་སྒྱུར་སྙོམ་སྒྲིག་ཇུས་གཞིར་མཆན་བཀོད་གནང་ཞིང་། ཇུས་གཞི་དེ་རྒྱལ་ཡོངས་ཀྱི་རིགས་གཅིག་རྣམ་གྲངས་ཁྲོད་མཆན་འགོད་གྲོས་འཆམ་བྱུང་བ་ཐོག་མའི་གྲས་ཡིན་ལ། དེས་རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་ཁུལ་ཁོངས་འཕེལ་རྒྱས་མཐུན་སྦྱོར་བྱེད་པའི་ཕྱོགས་ནས་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།
མཚོ་སྔོན་དུ་ད་ལྟ་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྫས་ཐོན་ཁུངས་སྲུང་སྐྱོབ་ཁུལ14ཡོད་ལ། གཙོ་བོ་འབྲི་ཆུ་དང་། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་དང་སྐམ་སའི་ཆུ་བོའི་མཐོ་སྒང་གི་ཁྱད་ཐོན་ཉ་རིགས་གྲགས་ཅན་འཚོ་སྡོད་ཁུལ་གྱི་སྲུང་སྐྱོབ་འགན་འཁྲི་ཕྲག་ཏུ་འཁུར་ཡོད་ཅིང་། མཐོ་སྒང་གི་ཉ་ལས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་གི་འགོག་ར་ཞིག་ཡིན། སྲུང་སྐྱོབ་ཁུལ་བཙུགས་པའི་དུས་མགོར། བརྟག་ཞིབ་སྡེ་ཁག་གི་ལག་རྩལ་དང་ཆ་རྐྱེན་ལ་ཚད་ཡོད་པ། གཞུང་ལམ་དང་ཞིང་ས། གྲོང་གསེབ་སོགས་སྐམ་སའི་ཐོན་སྐྱེད་འཚོ་བའི་བར་སྟོང་ཁ་ཤས་སྲུང་སྐྱོབ་ཁྱབ་ཁོངས་ཁྲོད་ཚུད་པས། ཚད་གཞི་ངེས་ཅན་ཐོག་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་པ་རེད།
2023ལོའི་ཚུན་དུ། ས་གནས་སྲིད་གཞུང་གིས་རེ་ཞུའི་དགོས་མཁོ་གཞིར་བཟུང་སྟེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ལས་ཞིང་སྡེ་པུའུ་ཡི་བར་མཐུན་སྦྱོར་གང་ལེགས་བྱས་ཤིང་། ཆེད་མཁས་པ་རྩ་འཛུགས་བྱས་ནས་ཚན་རིག་དཔྱད་འཇོག་དང་ཇུས་གཞི་དཔྱད་སྒྲུབ་བྱས་ལ། དཔྱད་ཞིབ་དང་སྤྱི་བསྒྲགས། ཆོག་མཆན་རེ་ཞུའི་ལས་རིམ་ལག་བསྟར་ནན་མོ་བྱས་ཤིང་། ཁྱད་ཐོན་ཉ་རིགས་གྲགས་ཅན་འཚོ་སྡོད་ཁུལ་སྲུང་སྐྱོབ་ནན་མོ་བྱས་པའི་རྨང་གཞིའི་སྟེང་། ཚན་རིག་དང་མཐུན་ཞིང་གནད་འཁེལ་སྒོས་སྲུང་སྐྱོབ་ཁུལ་གྱི་དབྱེ་མཚམས་ཐག་གཅོད་བྱས་པ་དང་། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་བར་སྟོང་འགལ་བ་ནུས་ལྡན་སྒོས་ཐག་བཅད་ཅིང་། སྐྱེ་ཁམས་ཉ་ལས་དང་གྲོང་གསེབ་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཕན་འབྲས་དང་དམངས་ཚིས་ལེགས་བཅོས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱུང་།