ཚན་རིག་ཆེན་མོའི་སྒྲིག་ཆས་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་སྟེ་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་གྱི་རྨང་རྡོ་བརྟན་པོར་བཏང་།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཚན་རིག་ཆེན་མོའི་སྒྲིག་ཆས་ནི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་མཚོན་ཆ་རྣོན་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལེགས་པར་བསྒྲུབ་ན་ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན་པ་བསྟན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། རང་རྒྱལ་གྱི་ཚན་རིག་ཆེན་མོའི་སྒྲིག་ཆས་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་པས། ཚན་རྩལ་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་སྟེགས་མ་ལག་ཅུང་ཆ་ཚང་བ་གྲུབ་ཡོད། ཐོག་མའི་གསར་གཏོད་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པས། རིམ་བཞིན་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྨང་རྡོ་བརྟན་པོ་ཞིག་ཏུ་འགྱུར་བཞིན་ཡོད།

ཉེ་ཆར། རང་རྒྱལ་གྱི་རབས་བཞི་པའི་སྔོན་ཐོན་གས་འགྱུར་ཉིང་རྡུལ་ནུས་པའི་མ་ལག་སྟེ། ཐཱོ་རྨང་བཞུ་ཚྭའི་དངོས་བཤེར་ཕུང་གསོག་ཀན་སུའུ་ཝུའུ་ཝེ་རུ་ཐོག་མར་ལག་བསྟར་བྱེད་འགོ་བརྩམས་པས། སྲོལ་རྒྱུན་གྱི་ཉིང་གློག་དེ་ཡུའི་འབར་རྫས་ལ་བརྟེན་དགོས་པ་གཏོར་ཏེ། ཉིང་རྡུལ་གས་འགྱུར་ནུས་པའི་འཕེལ་རྒྱས་ལ་འགྲན་ལམ་གསར་པ་བཏོད།

ཧང་ཀྲོའུ་ཞེ་ཧའོ་མཚེའུ་འགྲམ་དུ། འཛམ་གླིང་སྟེང་ཤོང་ཚད་ཆེས་ཆེ་བའི་ལྗིད་ཤུགས་དང་ལྟེ་བྲལ་འཕྲུལ་འཁོར་དེ་མི་འགྱངས་བའི་སྔོན་དུ་དངོས་སུ་སྤྱོད་འགོ་བརྩམས་པ་དང་། 2026ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་བྱས་འགྲུབ་རྗེས། བཟོ་སྐྲུན་གལ་ཆེན་གྱི་གནོད་འགོག་གནོད་སེལ་དང་རྒྱུ་ཆ་གསར་པ་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་འགག་རྩའི་འདེགས་སྐྱོར་མཁོ་འདོན་བྱ་ཐུབ་པ་རེད།

ཧོ་ཧྥེའི་མ་འོངས་ཚན་རིག་གྲོང་ཁྱེར་ཆེན་མོ་རུ། ཚགས་དམ་པའི་འདུས་འགྱུར་ནུས་པའི་དངོས་བཤེར་སྒྲིག་ཆས་ཀྱིས་འགག་རྩའི་ལྷུ་ལག་ཞིབ་བཟོ་དང་བཟོ་སྐྲུན་གཙོ་བོའི་སྤྱིའི་སྒྲིག་འཇུག་གཉིས་དུས་མཉམ་དུ་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། 2027ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས། རྒྱལ་སྤྱིའི་སྟེང་ཉིང་རྡུལ་འདུས་འགྱུར་གློག་འདོན་ཚོད་ལྟ་ཐོག་མ་བྱ་རྒྱུ་ཡིན་པ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ།  རང་རྒྱལ་གྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཞིང་། རྨང་གཞིའི་ཞིབ་འཇུག་ལ་དམིགས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་གྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་བཏང་།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་ཀྱི་རྩ་གནད་ནང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་འཛུགས་སྐྲུན་བྱས་ཏེ།  རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྔོན་དུ་བཀོད་སྒྲིག་འོས་འཚམ་བྱས་ཏེ། མཉམ་སྤྱོད་ཆུ་ཚད་དང་བཀོལ་སྤྱོད་ལས་ཆོད་ཇེ་མཐོར་གཏོང་དགོས་པ་བཏོན་ཡོད།

འདས་པའི་ལོ་ལྔའི་རིང་། རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སུ་བཞག་སྟེ།  ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཆ་རྐྱེན་ལས་སྟེགས་བསྐྲུན་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་པས། མིག་སྔར་སྐྲུན་བཞིན་པ་དང་འཁོར་སྐྱོད་བྱེད་པའི་ཚན་རིག་གི་སྒྲིག་ཆས་ཆེན་པོ65ལས་བརྒལ་ཡོད་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་གཞི་གྲངས་ལྟེ་གནས20ཡི་གཞི་གྲངས་སྤྱི་འབོར་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་ལྡབ5འཕར་ཡོད་ལ། རྒྱལ་ཁབ31གི་མཛོད་ཀྱི་ཐོན་ཁུངས་འགན་ལེན་བྱེད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཡིན་ལ། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུའང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། 2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས། ༼ལོ་ལྔའི་འཆར་འགོད་བཅུ་བཞི་པའི༽སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཚན་རིག་ཆེན་མོའི་འཆར་གཞི་དང་ཚན་རིག་ཆེན་མོའི་བཟོ་སྐྲུན། ཚན་རིག་ཆེན་མོའི་ལྟེ་གནས་བཅས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་ཐེངས་མང་པོར་རྟོག་ཞིབ་དང་ཐུགས་ཁུར་གནང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱང་ལྟའི་རྣམ་པའི་སྣེ་ཁྲིད་ཅན་དང་འཐབ་ཇུས་ཕྱོགས་སྟོན་ཅན། བཀོལ་སྤྱོད་འདེགས་སྐྱོར་ཅན་བཅས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཆར་འགོད་དང་བཀོད་སྒྲིག་བྱས། སྒྲིག་བཀོད་ཀྱི་བྱ་བ་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་དོ་དམ་འཐུས་ཚང་དུ་བཏང་སྟེ།  སྒོ་འབྱེད་མཉམ་སྤྱོད་ཀྱི་ཆུ་ཚད་དང་འཁོར་སྐྱོད་ལས་ཆོད་ཁྱོན་ཡོངས་ནས་མཐོ་རུ་བཏང་།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཚད་ཀྱིས་ཡང་དང་བསྐྱར་དུ་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན། རྨང་གཞིའི་ཞིབ་འཇུག་གི་འགྲོ་གྲོན་སྒོར་ཁྲག་ཁྲིག་གཉིས་ཐེར་ཆེན་བཞི་ཐེར་འབུམ་དགུ་དུང་ཕྱུར་བདུན་དུ་སླེབས་ཡོད་པ་དང་།  དེ་2020ལོ་དང་བསྡུར་ན70%ལས་བརྒལ་བ་འཕར་ཡོད། ཚན་རྩལ་རང་སྟོབས་རང་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་དེ་འཕེལ་ཚུལ་མགྱོགས་པའི་དུས་སུ་སླེབས་ཡོད་པ་དང་། བར་སྣང་ཁོར་ཡུག་གི་ས་ངོས་ལད་ཟློས་སྒྲིག་ཆས་དང་ཕྱོགས་བསྡུས་ཐལ་ཆེའི་ཆ་རྐྱེན་ཚོད་ལྟའི་སྒྲིག་ཆས་སོགས་སྒྲིག་བཀོད་གལ་ཆེན་ཁག་ཅིག་སྔ་རྗེས་སུ་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། པེ་ཅིན་གྱི་ཧོའེ་རོའུ་དང་། ཧྲང་ཧའེ་ཡི་ཀྲང་ཅང་། ཡུའུ་ཀང་ཨའོ་མཚོ་ཁུག་ཆེན་མོ་སོགས་སུ་ཚན་རིག་ཆེན་མོའི་སྒྲིག་ཆས་ཁྱུ་ཚོགས་གྲུབ་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདོད་མའི་གསར་གཏོད་ཀྱི་འབྱུང་གནས་སུ་གྱུར་ཡོད། ཧྲང་ཧའེ་གནམ་དཔྱད་སྟེགས་བུར་གློག་རླབས་རྒྱང་ཤེལ་གྱིས་ལྟ་ཞིབ་ཚད་ལེན་དྲ་བར་ཐེ་གཏོགས་བྱས་པས།  ཟླ་བའི་ལྷ་མོ་ཨང་ལྔ་པ་དང་ཟླ་བའི་ལྷ་མོ་ཨང་དྲུག་པ་སོགས་ཚད་འཇལ་གཏན་འཁེལ་གྱི་འཁོར་ལམ་ལས་འགན་ལེགས་འགྲུབ་བྱུང་ཡོད་པ་དང་། ད་ལྟ་སྤྱི་ལེ་བྱེ་བ་བཞི་ལྷག་གི་ཕྱི་རུ་ཡོད་པའི་གནམ་དཔྱད་ཨང་གཉིས་པས་གནད་དུ་ཁེལ་བའི་སྒོ་ནས་ཕྱོགས་སྟོན་བྱེད་བཞིན་ཡོད་།

ཀྲུང་གོའི་ཚན་རིག་གླིང་ཧྲང་ཧའེ་གནམ་དཔྱད་ལས་ཁུངས་ཀྱི་འགོ་གཙོ། ཁུང་ཏ་ལིས་ཀྱིས་བཤད་རྒྱུར།

ང་ཚོའི་སྒྲིག་ཆས་ཆེན་མོ་ནི་རྨང་གཞིའི་ཞིབ་འཇུག་གི་གསོག་འཇོག་དང་བསྟུན་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་དགོས་མཁོ་སྐོང་ཆེད་དུ་གོ་སྐབས་དང་བསྟུན་ནས་ཐོན་སྐྱེད་བྱས་པ་ཡིན། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལྟར། ང་ཚོས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་དགོས་པ་མ་ཟད། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཐོག་མའི་སེམས་འདུན་དང་ལས་འགན་དུས་གཏན་དུ་བརྗེད་མི་རུང་ལ།  ང་ཚོའི་རྨང་གཞིའི་ཞིབ་འཇུག་གི་ནུས་པ་མུ་མཐུད་དུ་ཇེ་མཐོར་གཏོང་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྣེ་ཁྲིད་དུ་བཟུང་ཞིང་། འཛམ་གླིང་གི་ཚན་རྩལ་མདུན་གྲལ་དང་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་ནས། གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཁག་ཅིག་མུ་མཐུད་དུ་ཐོན་སྐྱེད་བྱས།

ཀྲུང་གོའི་གནམ་མིག་གིས་འཕར་སྐར་ངེས་འཛིན་བྱས་པའི་གྲངས་འབོར་མིག་སྔར་ལས་བརྒལ་ཡོད་པར་མ་ཟད། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ལྡན་པའི་གྲུབ་འབྲས་གསར་བ་མང་པོ་ཞིག་བླངས།

ཀྲུང་གོའི་ལྷོ་ནུབ་ཀྱི་རི་སྐྱེས་སོན་རྒྱུའི་ཐོན་ཁུངས་མཛོད་དུ་བདག་ཏུ་མ་བཟུང་བའི་སྐྱེ་དངོས་སྣ་ཚོགས་ཀྱི་སོན་རྒྱུའི་ཐོན་ཁུངས4100ལྷག་གསར་དུ་འཚོལ་བསྡུ་དང་ཉར་ཚགས་བྱས། སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་སྲུང་སྐྱོང་དང་ཞིང་ལས་སྐྱེ་དངོས་ལེགས་བཅོས་སོགས་ཀྱི་ཐད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས།

“འབད་འཐབ་མཁན”རྟགས་ཅན་གྱི་རྒྱ་མཚོའི་གཏིང་ལ་འཛུལ་བའི་མི་བཞུགས་ཡོ་བྱད་ལ་བརྟེན་ནས། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་མཚོ་ཞབས་ལ་འཛུལ་བའི་འཚོལ་ཞིབ་འཆར་གཞི་བཏོན་ནས་གོ་ལ་ཧྲིལ་པོའི་སྨི6000མན་གྱི་མཚོ་ཞབས་གཏིང་ཟབ་ས་དགུ་ལ་མ་ལག་རང་བཞིན་གྱི་བརྟག་དཔྱད་བྱས།

མཚོ་གཏིང་ཚན་རིག་དང་རིག་ནུས་ལག་རྩལ་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་ཏུའུ་མོང་རན་གྱིས་བཤད་རྒྱུར།

“འབད་འཐབ་མཁན་”ཡོད་པ་དང་བསྟུན། ད་ལྟ་རྒྱལ་སྤྱིའི་སྟེང་གི་སྨི་ཁྲི་ཡི་རྒྱ་མཚོའི་གཏིང་དུ་ལས་སྒྲུབ་ཀྱི་ནུས་པ་ཆེན་པོ་ལྡན་པའི་མི་བཞུགས་གཏིང་འཛུལ་སྒྲིག་ཆས་གཅིག་པུ་དེ་ཡིན་ཞེས་བཤད་ཆོག  ད་ལྟ་རྒྱལ་སྤྱིའི་སྟེང་གི་སྐད་གྲགས་ཆེ་བའི་ས་གཤིས་སྐྱེ་དངོས་རིག་པ་བ་འདི་དག་ང་ཚོའི“མཚོ་གཏིང་འཆར་གཞི”རུ་ཞུགས་ཡོད། དེ་བས་ང་ཚོས་ད་ལྟ་རྒྱལ་སྤྱིའི་ཐོག་གི་ལས་རིགས་གཅིག་པ་འདི་དག་དང་མཉམ་དུ་མཚོ་གཏིང་གི་ཆེས་གསར་བའི་གནས་ཚུལ་ལ་ཞིབ་འཇུག་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་འབད་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་འབུར་ཐོན་ཡོང་བར་བྱས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་ཁག་ཅིག་བཀོད་སྒྲིག་དང་ལག་བསྟར་བྱ་དགོས། རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། སྔོན་དཔག་རང་བཞིན། མ་ལག་ཅན་གྱི་བཀོད་སྒྲིག་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་བཏོན་ཡོད།

མ་འོངས་པར་དམིགས་ནས་རང་རྒྱལ་གྱིས་བཀོད་པ་ཆ་ཚང་བ་དང་། ལག་རྩལ་སྔོན་ཐོན། འཁོར་སྐྱོད་ནུས་ཆེ། འདེགས་སྐྱོར་ནུས་ལྡན་བཅས་ཀྱི་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གལ་ཆེན་ཞིག་རིམ་བཞིན་བསྐྲུན་རྩིས་ཡོད་དེ། རྒྱལ་ཁབ་ཀྱི་མཆོག་ནོར་གལ་ཆེན་རྨང་གཞིར་བྱེད་པ་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་ཀྲུང་གོས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་དམིགས་འབེན་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།