ལུའོ་ཏུང་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་ཏང་གི་བསླབ་ཚན་འཆད་ཁྲིད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ11པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་ཏང་གི་བསླབ་ཚན་འཆད་ཁྲིད་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་ནས་གོ་བ་ལེན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་བསམ་མདུན་བསྐྱོད་བྱེད་པ། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་ངང་བསྐྲུན་དགོས།

འཆད་ཁྲིད་བྱེད་སྐབས། ལུའོ་ཏུང་ཁྲོན་གྱིས་མ་ལག་དང་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དང་གྲུབ་ཚུལ་འཕེལ་རྒྱས། མ་ལག་གི་ནང་སྙིང་། ལག་ལེན་བླང་བྱ་བཅས་འགྲེལ་བཤད་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནད་དོན་དང་འགྲན་སློང་དབྱེ་ཞིབ་གསལ་བོ་བྱས་པ་དང་། དམིགས་གཏད་རང་བཞིན་གྱིས་མི་དང་རང་བྱུང་ ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མགྱོགས་མྱུར་ངང་འཛུགས་པའི་དམིགས་འབེན་ལས་འགན་བཏོན། ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནི་དུས་རབས་གསར་བར་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་དུ་འགྱུར་བའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་དང་མཛེས་པའི་ཀྲུང་གོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་ཆེད་ཁ་ཕྱོགས་དང་མཛུབ་སྟོན་འདོན་སྤྲོད་བྱས་ཡོད། རྒྱ་ཆེའི་སློབ་མ་དང་ཏང་ཡོན་ལས་བྱེད་པས་གཞི་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། གཞི་གཅིག་གིས་ལག་བསྟར་དོན་འཁྱོལ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། སྐྱེ་ཁམས་བྱེད་ནུས་ཆེས་ཆེ་ཤོས་མངོན་འགྱུར་བྱེད་པའི་ལས་འགན་གཙོ་བོར་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་གཉིས་སྔར་ལས་གཅིག་འདོམས་བྱེད་པ་དང་། ཐཱན་ཉུང་བཙོག་འཕྲི་ལྗང་བསྐྱེད་འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་མཐའ་གཅིག་ཏུ་བརྟན་པོར་བཙུགས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མགྱོགས་མྱུར་ངང་བསྐྲུན་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་བཏོན།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པས། ངེས་པར་དུ་བློ་རྩ་བརྟན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ནུས་ཤུགས་ཡོད་རྒུས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ་དང་། ཆུ་ཁུངས་སྐྱིལ་གསོག་བྱེད་ནུས་བརྟན་པོའི་ངང་མཐོར་འདེགས་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་པ་དང་། ནམ་ཟླའི་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་ལེགས་པོ་འཇལ་ནས། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་བརྟན་ཞིང་ཆུ་ཁུངས་སྔར་ལས་འཇོམས་པར་ཁག་ཐེག་བྱ་དགོས། ཆུ་ཚད་སྔར་ལས་མཐོན་པོར་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཅིང་། སྔར་ལས་དངོས་གཉེར་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་དགོས། ཚད་གཞི་སྔར་ལས་མཐོན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བ་བསྟུད་མར་ལེགས་པོར་བསྒྲུབ་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་གཅིག་འདོམས་བྱས་ཏེ། མི་དམངས་མང་ཚོགས་ལ་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱ་དགོས། རིམ་པ་སྔར་ལས་ཟབ་མོས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ཐཱན་རྩེར་སྙེག་ལ་ཧུར་ཐག་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་མངོན་འགྱུར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དགོས། བླང་བྱ་སྔར་ལས་ནན་མོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་གཞི་ཆེན་མོ་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། གཞི་གྲངས་རིག་ནུས་ཅན་གྱི་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འཕེལ་རིམ་ཆེན་པོ་གསར་བ་ལེན་དགོས།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་གཙོ་གཉེར་འཛིན་གྲྭ་དྲུག་གི་སློབ་མ་དང་དགེ་བཟོ་པའི་འཐུས་ཚབ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་འཐུས་ཚབ་སོགས་མི་བཞི་བརྒྱ་ལྷག་འཆད་ཁྲིད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།