ཟླ11པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་བྱས་ལ། མཚོ་སྔོན་པོའི་བཞུར་རྒྱུད་དང་འགྲམ་རྒྱུད་ཀྱི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར། ས་ཞིང་དོ་དམ་ལ་ཤུགས་སྣོན་པ། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པ། དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་སྐྱོད་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཉེ་ལམ་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཤུགས་བཏོན་ཏེ། རང་འགུལ་སྒོས་རྒྱལ་སྤྱིའི་ཚད་གཞིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་སྦྲེལ་མཐུད་བྱེད་པ་དང་། རང་ཞིང་གི་ལམ་ལུགས་རྣམ་པའི་སྒོ་འབྱེད་བྱེད་ནུས་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། མཚོ་སྔོན་ལ་དམིགས་བསལ་དུ་ཡོད་པའི་ཡུལ་རྣམ་དང་ཐོན་ཁུངས་ལ་རྐང་བཙུགས་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་སྤྱད་ནས་ཡུལ་རྣམ་གསར་བ་སྔར་ལས་མང་བ་གསོ་སྐྱོང་དང་། གསར་གཏོད་སྐྱེ་ཁམས་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས། འགན་འཁྲི་ནན་དཀྲི་ནན་སྡོམ་བྱས་ཏེ། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་ཟོན་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། དོན་རྐྱེན་ཚབས་ཆེན་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས།
གྲོས་ཚོགས་ལས《མཚོ་སྔོན་པོའི་བཞུར་རྒྱུད་དང་འགྲམ་རྒྱུད་ཀྱི་སྐམ་སའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་འགུལ་སྐྱོད་ཇུས་གཞིར》གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་། ཡུལ་བབ་དང་བསྟུན་པ་དང་རིགས་བགར་ཇུས་བསྟར་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ། ཆུ་ཁོངས་དང་སྐམ་ས་གཅིག་གྱུར་འཆར་འགོད་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། འགན་འཁྲི་དངོས་འབེབས་དང་མཉམ་ཤུགས་འགག་སྒྲོལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་པོའི་བཞུར་རྒྱུད་དང་འགྲམ་རྒྱུད་སྐམ་སའི་སྦགས་བཙོག་ཁུལ་གཙོ་བོའི་འགོག་སྡོམ་བྱ་བ་ཁྲིད་ཕྱོགས་སུ་བཟུང་སྟེ། མ་ལག་བཅོས་སྐྱོང་དང་མགོ་ཁུངས་བཅོས་སྐྱོང་གནད་འཁེལ་སྒོས་ལག་བསྟར་བྱས་ནས། མཚོ་སྔོན་པོའི་རང་མདངས་ནམ་ཡང་སྲུང་འཛིན་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ཐཱན་ཚོང་ར་འཛུགས་སྐྲུན་ཁྲོད་མྱུར་དུ་འདྲེས་པའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་། ཚོང་ར་དང་སྲིད་གཞུང་། ཡུན་རིང་གི་དམིགས་འབེན་དང་ཡུན་ཐུང་གི་དམིགས་འབེན། སྤྱི་དང་བྱེ་བྲག་སོགས་ཀྱི་འབྲེལ་བར་གཅིག་འདོམས་གང་ལེགས་བྱས་ཏེ། ཁེབས་ཚད་རྒྱ་བསྐྱེད་པ་དང་། ཚོང་ར་སྙོམ་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་བྱ་ཐབས་གསར་གཏོད་བྱེད་པ་སོགས་ཀྱི་ཕྱོགས་ནས་སྔོན་ལ་ཚོད་ལྟ་དང་སྔོན་དུ་བསྐྱོད་ཐུབ་པར་བྱས་ཏེ། ཐཱན་ཚོང་ར་བདེ་ཐང་དང་གོ་རིམ་ལྡན་པར་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འཕར་སྣོན་བརྟན་པོ་སྔོག་འདོན་བྱེད་པར་དམིགས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ཐད་ཤུགས་སྣོན་པ་དང་། སྲིད་ཇུས་བྱེད་ཐབས་ཁག་སོ་སོ་དངོས་འབེབས་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱི་རྣམ་པས་འཛད་སྤྱོད་ལ་སྐུལ་འདེད་དང་དངུལ་གཏོང་རྒྱ་བསྐྱེད་པ། སྒྲིག་ཁྲིམས་གཞིར་འཛིན་པ་དང་། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བསྡོམས་རྩིས་བྱ་བ་སྤེལ་བ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་སེལ་བ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་མུ་མཐུད་སྲ་བརྟན་དུ་བཏང་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བ་བདེ་བླག་ངང་མཇུག་བསྒྲིལ་བར་ཁག་ཐེག་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག་གི་འཆར་ཟིན།》དང《2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་སྤྲོད་གཞན་པར་རྩིས་བཤེར་བྱས་པ་ལས་རྙེད་པའི་གནད་དོན་དག་ཐེར་གནས་ཚུལ་གྱི་སྙན་ཞུ།》《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་སྲོལ་ཡིག་ལག་བསྟར་གྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ།》《ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གནས་ཚུལ་གྱི་སྙན་ཞུ།》《མཚོ་སྔོན་ཞིང་ཆེན་གྱི་སྡེ་ལས་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན།》དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་བཅའ་ཁྲིམས་ལག་བསྟར་བྱེད་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཉིས་མེད་པར་བཟོ་བའི་སྐོར་གྱི་གྲོས་གཞིའི་འཆར་ཟིན་བཅས་ལ་གྲོས་སྡུར་བྱས་ཏེ་རྩ་དོན་ཐོག་གྲོས་འཆམ་བྱུང་ཞིང་། ལས་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་ནས་ཞིབ་བཤེར་དང་གྲོས་ཞིབ་བྱ་རྒྱུའི་ཐག་བཅད། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་ཁག་ཅིག་ལ་བཟོ་བཅོས་རྒྱག་པ་དང་མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་ཞིང་། ལས་རིམ་ལྟར་སྤྱི་བསྒྲགས་ལག་བསྟར་བྱ་རྒྱུའི་ཐག་བཅད།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།