ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཁྲུང་ཆིན་དང་ཀྲེ་ཅང་དུ་སོང་ནས་ས་གནས་ཀྱི་བདེ་འཇགས་འཛུགས་སྐྲུན་ཁྲིམས་འཛུགས་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཁྲུང་ཆིན་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་དུ་སོང་ནས་ས་གནས་ཀྱི་བདེ་འཇགས་འཛུགས་སྐྲུན་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ཁྲུང་ཆིན་གྲོང་ཁྱེར་དང་ཝུའུ་ཧྲན་རྫོང་། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར། ཀྲུའུ་ཧྲན་གྲོང་ཁྱེར་དང་ཉིན་པའོ་གྲོང་ཁྱེར་སོགས་ས་ཁུལ་ཁ་ཤས་སུ་སོང་ནས། བདེ་འཇགས་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་བཅས་ཁྱབ་ཁོངས་གཙོ་བོ་དང་ཁུལ་གནས་གཙོ་བོའི་འགལ་བའི་རྩོད་གཞི་གྲལ་བཤེར་དང་སྔོན་བརྡ། ཐག་གཅོད་བཅས་ཀྱི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་། གཅིག་འབོད་བརྒྱ་འཛོམས་ཀྱི་སྤྱི་ཚོགས་མཉམ་བཅོས་མ་ལག་འཛུགས་སྐྲུན་དང་། དུས་རབས་གསར་བའི་མཚོ་ཐོག་ཧྥིན་ཆའོ་ཉམས་མྱོང་གི་ལག་ལེན་འཚོལ་ཞིབ་དང་ཚན་རྩལ་གྱིས་བདེ་འཇགས་ཆེན་མོའི་རྣམ་པ་བསྐྲུན་པར་སྟོབས་ནུས་སྩོལ་བ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། རྟོག་ཞིབ་བྱེད་སྐབས། སློབ་སྦྱོང་རྟོག་ཞིབ་ཚན་ཆུང་གིས་ས་གནས་དེའི་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། བདེ་འཇགས་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་དང་ཁོངས་གཏོགས་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་ལས་སྒོའི་འགན་འཁུར་བློ་མཐུན་དང་མཉམ་དུ་བདེ་འཇགས་འཛུགས་སྐྲུན་ཁྲིམས་འཛུགས་ཀྱི་གཙོ་གནད་དཀའ་གནད་ལ་དམིགས་ནས་བྱ་བའི་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཁྲུང་ཆིན་དང་ཀྲེ་ཅང་ས་གནས་གཉིས་ཀྱི་འབྲེལ་ཡོད་ཉམས་མྱོང་དང་བྱེད་ཐབས་ཀྱིས་རང་ཞིང་གིས་བདེ་འཇགས་འཛུགས་སྐྲུན་དོ་དམ་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་ཤུགས་འདོན་ས་ཡང་དག་པར་འཚོལ་བར་དཔྱད་གཞི་ལེགས་པོ་འདོན་སྤྲོད་བྱས། རྟོག་ཞིབ་ཚན་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ས་གནས་གཉིས་ཀྱི་བདེ་འཇགས་འཛུགས་སྐྲུན་ཁྲིམས་འཛུགས་དང་འབྲེལ་ཡོད་བྱ་བའི་ཉམས་མྱོང་དང་རང་ཞིང་གི་དངོས་ཡོད་སྦྲེལ་མཐུད་དམ་ཟབ་བྱ་རྒྱུ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་འགལ་བ་ཐག་གཅོད་དང་སྤྱི་ཚོགས་མཉམ་བཅོས། ཚན་རྩལ་གྱིས་སྟོབས་ནུས་སྩོལ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། མ་ལག་ལྡན་པའི་སྒོ་ནས་ས་གནས་གཉིས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གསར་གཏོད་ལག་ལེན་གསེད་བཀྲོལ་བྱེད་པ་དང་། དཔེ་ལྟོས་བྱས་ཆོག་པའི་ལམ་ལུགས་གྲུབ་འབྲས་གདམ་གསེས་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་ལ་རྐང་འཛུགས་པ་དེ་རྟོག་ཞིབ་གྲུབ་འབྲས་བསྡུ་ལེན་བྱེད་པར་ཚུལ་སྒྱུར་བྱས་ནས། བདེ་འཇགས་འཛུགས་སྐྲུན་གྱི་སྣེ་ཁྲིད་སྤྱི་འདོམས་དང་མཐུན་སྦྱོར་མཉམ་འགུལ་གྱི་ཡུན་རིང་རྐྱེན་སྲོལ་གྱི་རྩེ་རིམ་ཇུས་འགོད་འབུར་དུ་ཐོན་པར་བྱེད་པ་དང་། བདེ་འཇགས་འཛུགས་སྐྲུན་གྱི་ས་གནས་ཁྲིམས་འཛུགས་ཀྱི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། བཅའ་ཁྲིམས་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་བདེ་འཇགས་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།