མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐོག་མ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཚགས་པར་ཁང་གི་འགོ་གཙོ་སུའུ་ཧའེ་ཧུང་གིས་དུས་བསྟུན་མདུན་སྐྱོད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་བ་མུ་མཐུད་དུ་འབྲི་ཞེས་པའི་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སུམ་བརྒྱ་ལྷག་ཚོགས་འདུར་ཞུགས།
སྙན་ཞུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་གཞིར་དམ་པོར་དམིགས་ནས། ཚང་འཛོམས་གྲོས་ཚོགས་འཚོགས་པའི་དོན་སྙིང་གལ་ཆེན་ངོས་འཛིན་ཟབ་མོ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོར་གོ་བ་གཏིང་ཟབ་ལེན་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་པ་སོགས་ཀྱི་ཕྱོགས་ནས་གཙོ་གནད་འགྲེལ་བཤད་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་དོན་འཁྱོལ་བྱེད་པར་མཛུབ་སྟོན་རང་བཞིན་གྱི་བླང་བྱ་བཏོན།
སྙན་ཞུ་གནད་ལ་འཁེལ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། གཙོ་གནད་འབུར་དུ་ཐོན་པ། ཕྱོགས་ཡོངས་ལ་ཁྱབ་པ། དཔེ་མཚོན་གྱོད་གཞི་དང་ཁུངས་འཕེར་གཞི་གྲངས་བེད་སྤྱོད་ལེགས་པོ་བྱས་ནས་འགྲེལ་བཤད་བྱས་ཡོད་པས། ཚོགས་ཞུགས་མི་སྣས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུས་ལོན་གསལ་བོར་བྱེད་པར་རོགས་རམ་བྱས། ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ལས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་པ་དང་། ཞིང་ཆེན་གྱི་གནས་ཚུལ་ངོས་འཛིན་བྱེད་ཚད་སྔར་ལས་ཇེ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་སྒྱུར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོར་དམ་དུ་དམིགས་ནས། དྲ་ཐོག་དང་ཡུལ་དངོས། ཕྱི་ནང་གི་སྒྲོག་འགྲེལ་གཅིག་གྱུར་བྱེད་པ་དང་། བརྒྱུད་སྒྲོག་བྱེད་ཐབས་གསར་གཏོད་དང་བརྒྱུད་སྒྲོག་ཐབས་ལམ་རྒྱ་བསྐྱེད་དེ། ཞིང་ཆེན་ཡོངས་སུ་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་ཡར་བརྩོན་གྱི་སྟོབས་ཤུགས་བསྐྱེད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་དེར་བསྟུན་གྱི་བྱས་རྗེས་འཇོག་དགོས།
སྙན་ཞུའི་ཚོགས་འདུ་ཐོག་མ་མཇུག་སྒྲིལ་རྗེས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་ཉེ་ལམ་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ས་གནས་སོ་སོར་སོང་ནས་སྒྲོག་འགྲེལ་བྱ་རྒྱུ་རེད།