མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བ་ལེགས་བཅོས་དང་དེར་ཤུགས་སྣོན་པའི་སྐོར་གྱི་དགོངས་པ་གལ་ཆེན་རྩ་བའི་གཞི་འཛིན་སར་བརྩིས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་དྲིན་ཚོར་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། མགོན་པོ་བཀྲ་ཤིས་དང་ཝང་ལིས་མེན། ཝང་ཏ་ནན། ཧི་ལུའུ་ཁྲུན་བཅས་ཚོགས་འདུར་ཞུགས། པད་གོ་ཡིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས། ཚོགས་ཞུགས་འགོ་ཁྲིད་པས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱི་འཐུས་ཚབ་པར་བྱ་དགའ་བྱིན། གཟེངས་བསྟོད་ཐོབ་པའི་འཐུས་མི་རིག་བསམ་དང་མཱ་ལིས་ཧྲན། ཡཱན་ཧུང་ཞིན། ཨ་ཀྲུང་རུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
ཝུའུ་ཞའོ་ཅུན་གྱིས་འདས་པའི་ལོ་ལྔའི་རིང་རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་བླངས་པའི་གཡུར་ཟའི་གྲུབ་འབྲས་དང་ཉམས་མྱོང་བཟང་པོར་ཁས་ལེན་གང་ལེགས་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་འཐབ་ཕྱོགས་སུ་འབད་འཐབ་བྱེད་པའི་བློ་མཐུན་རྣམས་དང་དུས་ཡུན་རིང་པོར་སེམས་ཁུར་རྒྱབ་སྐྱོར་བྱེད་པའི་ལས་རིགས་སོ་སོའི་མི་སྣར་འཚམས་འདྲི་དང་བཀའ་དྲིན་ཞུས། ཁོས་བསྟན་དོན། ལོ་ངོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཤིང་། མཉམ་དུ་དར་རྒྱས་གོང་འཕེལ་བཏང་སྟེ། མི་རིགས་མཐུན་སྒྲིལ་འཆམ་མཐུན་དང་དཔལ་འབྱོར་བརྟན་བརླིང་འཕར་སྣོན། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་བཅས་ཀྱི་མཛེས་རིས་ཤིག་བྲིས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་བླང་བྱ་གལ་ཆེན་གསལ་བོར་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོག་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དེ་རང་ཞིང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བརྟེན་ས་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཏང་གི་མི་རིགས་བྱ་བའི་ཕྱོགས་ཡོངས་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་འཐུས་ཚང་དུ་བཏང་སྟེ། ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སྤྱི་སྡོམ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལམ་ལུགས་རྐྱེན་སྲོལ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་སོ་སོ་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་བཅས་འཕེལ་རིམ་གསར་བར་སླེབས་པར་བྱས་ནས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་དང་། བསམ་བློ་ཆབ་སྲིད་ཁྲིད་སྟོན་དང་མཉམ་གཏོད་མཉམ་སྐྲུན་མཉམ་སྤྱོད། གཅིག་འདོམས་མཐུན་སྦྱོར་ཤུགས་སྣོན་བཅས་ཀྱི་ཐད་བསྟུད་མར་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ནུས་ཤུགས་ཡོད་རྒུས་དྲིལ་སྒྲོག་སློབ་གསོ་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཛུགས་པ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་འགུལ་སྐྱོད་ཆེན་མོ་བཅུ་དང་འཆར་འགོད་གསུམ་གསར་གཏོད་ལག་བསྟར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་དགོས།