ཟླ11པའི་ཚེས10ཉིན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་བསྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་གཞུང་བསྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་བསྒྲུབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲ་འཕྲིན་གཞུང་བསྒྲུབ་ཁང་དང་རྟ་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་བསྒྲུབ་འགན་ཁུར་བའི2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་དཔལ་ཡོན་གཟའ་འཁོར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་དྲ་རྒྱའི་དཔལ་ཡོན་སློབ་གསོའི་ལག་ལེན་རྟེན་གཞི་རུ་དངོས་སུ་སྤེལ་འགོ་བརྩམས་པ་རེད།
ཐེངས་འདིའི་དཔལ་ཡོན་གཟའ་འཁོར་གྱིས“དྲ་རྒྱ་བེད་སྤྱོད་ལེགས་པོ་བྱས་ཏེ་དྭངས་གསལEབར་སྟོང་བསྐྲུན”ཅེས་པ་བརྗོད་དོན་གཙོ་བོ་བྱས་ཤིང་། དེའི་དམིགས་ཡུལ་ནི་དྲ་རྒྱའི་དཔལ་ཡོན་འདུ་ཤེས་བརྒྱུད་སྤེལ་དང་དམངས་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་བྱང་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིང་ཐང་ལྟ་བ་དྲ་རྒྱའི་བར་སྟོང་དུ་རྩ་བ་ཚུགས་པར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་དྲ་རྒྱའི་དཔལ་ཡོན་འཛུགས་བསྐྲུན་ལ་རྣམ་པ་གསར་པ་བསྐྲུན་ཆེད་རེད།
བྱ་འགུལ་ཡུལ་དངོས་སུ“མཚོ་སྔོན་གྱི་དྲ་རྒྱའི་དཔལ་ཡོན་དྲིལ་བསྒྲགས་པར”དཔང་ཡིག་བྱིན་པ་དང་། རྗེས་སུ《མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་དཔལ་ཡོན་གྱི་གྲོས་འདོན་ཡི་གེ》སྒྲོག་སྦྱངས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དྲ་དམངས་ཚོས་དྲ་རྒྱའི་དཔལ་ཡོན་གྱི་ཚད་གཞི་ཐུན་མོང་ཐོག་ལག་བསྟར་བྱས་ཏེ་ཡར་རྒྱས་བརྩོན་ལེན་གྱི་སྟོབས་ཤུགས་མུ་མཐུད་གཅིག་ཏུ་སྒྲིལ་ཏེ་དཔལ་ཡོན་དང་། སྐྱོན་བྲལ། དྭངས་གཙང་བཅས་ཀྱི་དྲ་རྒྱའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པར་འབོད་སྐུལ་བཏང་། ཚོགས་ཞུགས་མི་སྣས་རྟ་ཐང་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་དཔལ་ཡོན་སློབ་གསོའི་ལག་ལེན་རྟེན་གཞིར་ལྟ་སྐོར་བྱས།
ཐེངས་འདིའི་དྲ་རྒྱའི་དཔལ་ཡོན་གཟའ་འཁོར་གྱི་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་ལ་རིགས་ཆེན་པོ་ལྔ་འདུས་ཡོད། དྲ་ཐོག་དང་ཡུལ་དངོས་མཐུན་སྦྱོར་ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མང་པོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེའི་ནང་དྲ་རྒྱའི་དཔལ་ཡོན་ཤེས་བྱའི་བྱ་དགའ་ཡོད་པའི་དྲིས་ལན་དང་། ཕུལ་བྱུང་དྲ་རྒྱའི་དཔལ་ཡོན་འཛུགས་བསྐྲུན་གྱི་གྱོད་དཔེ་བསྡུ་བ། ཀྲུང་ཧྭའི་གསུང་རབ་ཀློག་པའི་ཚོགས་ཆེན་མཚོ་སྔོན་ས་ཚིགས་ཀྱི་སྤྱིའི་འགྲེམས་འཁྲབ་དང་། དྲ་གྲགས་ཅན་གྱི་བཞུགས་མོལ་ཚོགས་འདུ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་དཔལ་ཡོན་སློབ་གསོའི་ལག་ལེན་རྟེན་གཞིར་བཅར་འདྲི་བྱེད་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ།