ཟླ2པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས་རྟོག་ཞིབ་བཞུགས་མོལ་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པ་དང་། བཀའ་མངགས་ཡིད་ལ་དམ་པོར་འཛིན་པ་དང་བཀའ་དྲིན་གཟོ་བཞིན་མདུན་དུ་སྐྱོད་པ། འབྱུང་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་བརྟན་པོར་ལེན་པ། གཞི་རིམ་བཅོས་སྐྱོང་ཟབ་མོར་སྤེལ་བ། མུ་མཐུད་དུ་དམངས་འཚོ་ལེགས་བཅོས་བྱས་ཏེ། བདེ་ཐང་དེང་རབས་བདེ་སྐྱིད་མཛེས་སྡུག་གི་ཡུས་ཧྲུའུ་གསར་པ་འཛུགས་སྐྲུན་ལ་འབད་དགོས་ཞེས་ནན་གྱིས་བསྟན།
རྫ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཁྲ་འགུ་སྡེ་བར་སྡོད་ཁང་གསར་པ་བསྟར་ལ་བརྒྱུས་ཤིང་ཡར་ངོའི་ཟླ་ལྟར་འཕེལ་བའི་གྲོང་གསེབ་ཀྱི་རྣམ་པ་བཟང་པོ་ཞིག་ཤར་འདུག ཝུའུ་ཞའོ་ཅུན་ཏང་གཤིས་སློབ་གསོ་རྟེན་གཞིར་ཕེབས་ཏེ། འབྲོག་ཁྱིམ་གྱི་དཔེ་ཁང་དང་། སྡེ་མིའི་ལས་གཏོད། དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་གཟིགས་ཤིང་། ཁྲ་འགུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མང་ཚོགས་ཀྱིས་སྣེ་ཁྲིད་དེ་ཁྱད་ལྡན་ཕྱུག་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ལ་བསྟོད་བསྔགས་མཛད། སྡེ་མི་ཉི་འགྲུབ་ཀྱི་ཁྱིམ་དུ། ཝུའུ་ཞའོ་ཅུན་གྱིས་སེམས་ཁུར་ཆེན་པོས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དྲིས་ལ། ཁོ་ཚོར་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་བསྒྱུར་དགོས་པའི་སྐུལ་མ་གནང་། ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་སློབ་གསོའི་རྟེན་གཞི་དང་། ཡུས་ཧྲུའུ་གྲོང་ཁྱེར་རིག་ནུས་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་སུ། ཝུའུ་ཞའོ་ཅུན་གྱིས་རྒྱང་བསྟེན་བརྙན་རིས་བརྒྱུད་དེ་གནས་སོ་སོའི་གནས་ཚུལ་ལ་ཞིབ་གཟིགས་གནང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་ཁམས་ཡུལ་སྐོར། གྲོང་ཁྱེར་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་བཅས་ཀྱི་འཁོར་སྐྱོད་བཟང་པོ་མངོན་འགྱུར་ཡོང་བར་འབད་པ་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན། མཁའ་སྤྱོད་དགོན་པ་རུ། ཝུའུ་ཞའོ་ཅུན་གྱིས་དགོན་པའི་གྲྭ་པ་དང་དགོན་པར་སྡོད་པའི་ལས་བྱེད་པ། མི་དམངས་ཉེན་རྟོག་པ་བཅས་དང་གླེང་མོལ་གནང་བ་དང་། དགོན་པའི་དོ་དམ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཏང་གཅེས་དང་རྒྱལ་གཅེས། ཆོས་གཅེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
བཞུགས་མོལ་ཚོགས་འདུའི་ཐོག ཝུའུ་ཞའོ་ཅུན་གྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཡུས་ཧྲུའུ་ཁུལ་གྱི་ལས་དོན་ཁག་སོ་སོར་གདེང་འཇོག་གང་ལེགས་མཛད། ཁོང་གིས་ཡུས་ཧྲུའུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གནང་སའི་གནས་ཤིག་ཡིན་ལ། ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གཙོ་སྐྱོང་མཁན་བྱེད་པ་དང་། བོད་འབྲེལ་ས་ཁུལ་འཕེལ་རྒྱས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པའི་བཙན་རྫོང་ལྟ་བུ་བྱས་ནས། ཡུས་ཧྲུའུ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་ཐད་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྒོས་སྐུལ་འདེད་གཏོང་བ། འགན་དབང་གསལ་པོ་དང་མཐུན་སྦྱོར་མཉམ་འགུལ་གྱི་བྱ་བའི་རྐྱེན་སྲོལ་བཙུགས་ནས་ཆུ་ཚད་མཐོ་བའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་དགོས། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་གཏོང་བའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱེད་པ་དང་། ཕྱུགས་ལས་ཐོན་ལས་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས་ཞིང་པར་འབྲེལ་འདྲིས་དང་ཞིང་པར་སྣེ་ཁྲིད་དེ་མང་ཚོགས་ཕྱུག་པོར་བསྒྱུར་བའི་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ནུས་པ་དང་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་མཐོར་འདེགས་དང་རྒྱ་སྐྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཇེ་མང་དུ་གཏོང་བ། གཞི་གྲངས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་སློབ་གསོའི་སྤུས་ཚད་ལེགས་སྒྱུར་དང་མཐོ་རུ་གཏོང་བ། སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཇེ་མཐོར་བཏང་ནས། མཁར་གྲོང་གི་སྤུས་ཚད་དང་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་བསམ་པ་དང་། ཏང་གི་བཀར་ཉན་པ། ཏང་གི་རྗེས་འབྲངས་པར་སློབ་སྟོན་སྣེ་ཁྲིད་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ལྡན་པའི་ཚབ་མཚོན་རང་བཞིན་གྱི་གྲུབ་འབྲས་ཁག་ཅིག་གྲུབ་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ལས་དོན་ཐོག་མཐའ་བར་གསུམ་དུ་སྔོན་དུ་བསྐྱོད་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱེད་པ་དང་། དཀའ་ཁག་ཆེ་བའི་ས་ཁུལ་དམིགས་བསལ་ཡིན་ཟེར་བའི་བཤད་ཚུལ་དང་དེར་ཁ་གསབ་དགོས་པའི་སེམས་ཁམས་མཐའ་གཅིག་ཏུ་སེལ་བ། ཕྱོགས་ཡོངས་ནས་ཏང་དང་དཔོན་རིགས་བཅོས་སྐྱོང་ནན་མོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་མུ་མཐུད་བརྟན་པོར་བཙུགས་ནས། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་པད་གོ ། ཀྲུའུ་ཞང་ཧྥེང་བཅས་རྟོག་ཞིབ་ལ་ཞུགས། །