ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ་ཚོར་བྱམས་བརྩེའི་ངང་འཚམས་འདྲི་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ལོ70འཁོར་བའི་རིང་ལ། མཁོ་ཚོང་མཉམ་ལས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐྱོར་བྱེད་པ། ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་སྔར་ལས་ཤུགས་བསྣན་ནས་སྟོབས་ཤུགས་འདི་ཉིད་གང་ལེགས་སྒོས་སྤྱོད་དགོས། མཁོ་ཚོང་མཉམ་ལས་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་མོ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་ཏུ་རྐང་ཚུགས་པར་བྱེད་རྒྱུ་དང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་ལ་དམ་པོར་དམིགས་པ། ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་གཏོང་བ། ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་སྟེགས་བུ་མུ་མཐུད་བསྐྲུན་ནས། ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཡག་པོ་ཞིག་བྱེད་པ་དང་། མཁོ་ཚོང་མཉམ་ལས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། མཁོ་ཚོང་མཉམ་ལས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་གཏོང་བ། གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཞིང་པར་ཞབས་འདེགས་ཞུ་བའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ། སླར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་སོགས་གཙོ་གནད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ། ཞིང་པའི་ཐོན་སྐྱེད་དང་འཚོ་བར་སྔར་ལས་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས་ཞེས་གསུངས།

ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་བར་རྗེས་དྲན་ཞུ་བའི་ཚོགས་འདུ་ཚེས28ཉིན་པེ་ཅིང་དུ་འཚོགས།

ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཆང་གི་མཆན་འགོད་མཛུབ་སྟོན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ལོ་ངོ70རིང་གི་གཟི་བརྗིད་སྲོལ་རྒྱུན་ལྡན་པའི་མཁོ་ཚོང་མཉམ་ལས་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གི་མཆན་བཀོད་མཛུབ་སྟོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་མོ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་ལམ་རིམ་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱུ་དང་། ཞིང་པར་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་སུ་འཇུག་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བ། རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ། མཁོ་ཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན།

ཚོགས་ཐོག་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་བཟང་མི་སྣ། སྔོན་ཐོན་ལས་བྱེད་པ་བཅས་ལ་གཟེངས་བསྟོད་བྱས་པ་དང་། བྱ་དགའ་ཐོབ་པའི་འཐུས་མིས་གཏམ་བཤད་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།