འབྲི་ཆུའི་མགོ་ཁུངས་ཀྱི་ཤང་དང་པོ་སྟེ་གནམ་མཐའི་མཚམས་སུ་ཆགས་པའི་ཟོ་སྐྱ་ཤང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

སོས་དལ་བག་ཕེབས་ངང་གནས་པའི་ནོར་ཁྱུ་ནི་མུ་ཏིག་ནག་པོ་རེ་རེས་རྩྭ་ཐང་བརྒྱན་འདུག་པར་སྣང་།

བཅར་འདྲི་བྱ་མཁན་གྱིས་ང་ཚོར་བདེ་མོ་འཇོག་བཞིན་པའི་ཚུལ།

ནམ་མཁའ་མཐོ་ཞིང་བརྗིད་ལ་ས་གཞི་ཡངས་ཤིང་ཆེ། ང་ཚོ་རླངས་འཁོར་ལ་བསྡད་དེ་འབྱམས་ཀླས་རྩྭ་ཐང་སྟེང་དུས་ཚོད་འགའ་བསྐྱོད་པའི་སྐབས་སུ་མིག་མདུན་གྱི་མཛེས་ལྗོངས་ནི་ལྟོས་ཚོད་ཀྱིས་འདྲ་བར་སྣང་ཞིང་ཡང་འཕོ་འགྱུར་སྣ་ཚོགས་ལྡན། དགོང་སྔོན་པོ་དང་ཆུ་གཙང་པོ་ནི་སྔར་བཞིན་དྭངས་ཤིང་གཙང་ལ། སྟོན་མཇུག་གི་རྩྭ་ཐང་ལ་སེར་ཤ་རྒྱས་འདུག  རྐྱང་དང་གཙོད། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རྒྱུན་དུ་མཐོང་ལམ་དུ་མངོན་པར་བྱེད།

ང་ཚོ་བསྐྱོད་སའི་གནས་ནི་འབྲི་ཆུའི་བརྒྱུད་ཀྱི་ཤང་དང་པོ་སྟེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲུ་སྟོད་རྫོང་ཟོ་སྐྱ་ཤང་ཡིན། ཟོ་སྐྱ་ཤང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ས་ཁུལ་གནས་ཤིང་དེ་ནི་མིང་དུ་གྲགས་པའི་ཨ་ཆེན་གངས་རྒྱབ་གནས་ས་དེ་རེད། ས་བབ་མཐོ་ཞིང་ས་མཐའ་རུ་ཡོད་པའི་དབང་གིས་གནས་འདི་ལ་གནམ་མཐའི་མཚམས་ཀྱི་ཟོ་སྐྱ་རུ་འབོད་བཞིན་ཡོད། 

ང་ཚོ་གནམ་མཐའི་མཚམས་ཀྱི་འབྲུ་ཆུའི་མགོ་ཁུངས་ཀྱི་ལྟེ་ཁུལ་དུ་སོང་སྟེ་འབྲི་ཆུའི་མགོ་ཁུངས་དང་བར་ཐག་ཆེས་ཉེ་བའི་ཁྱིམ་ཚང་བཙལ་ནས་དེང་རབས་ཅན་གྱི་འབྲོག་པའི་རིག་གནས་ལ་རོལ་མྱོང་བྱས།

ཤང་གྲོང་གསར་བའི་རྣམ་པ།

འཚོ་བའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་གྱུར་བའི་རྣམ་པ། 

ཟོ་སྐྱ་སྲིད་གཞུང་དུ་ཐོན་རྗེས་མུ་མཐུད་དུ་སྟོད་ཕྱོགས་སུ་དུས་ཚོད་གཅིག་ལྷག་ལ་སོང་པ་ན་ད་གཟོད་མཐའ་ཡས་པའི་རྩྭ་ཐང་དུ་ལྷས་ར་གྲུ་བཞི་ཞིག་ཡོད་པ་མཐོང་བྱུང་། 

འབྲོག་པ་བཀྲ་ཤིས་ཕུན་ཚོགས་བཟའ་མི་གང་བོས་ང་ཚོ་ཁྱིམ་དུ་བསུས་ཏེ་ཞིང་མངར་གྱི་འོ་ཇ་བླུག་ཅིང་སྐམ་ཤའི་ཚོད་མ་འཁྱེར་ཡོང་ནས་མགྲོན་བསུ་བྱས། འདི་ནི་ཁོང་ཚོས་མགྲོན་པོར་མགྲོན་བསུ་བྱེད་སྐབས་ཀྱི་ཟ་མ་ལེགས་པོ་ཉག་གཅིག་རེད།

ཁང་པའི་ནང་གི་ཇུས་འགོད་སྤུས་ལེགས་ཤིང་ལྟ་ན་སྡུག་སྟེ་གྱང་སོ་སོ་ནས་གནམ་གྱི་རས་ཁྲ་སྟེང་གི་རི་མོ་ཕུན་སུམ་ཚོགས་ཤིང་ཤིན་ཏུ་མཛེས། བཟོ་བཀོད་ལེགས་པའི་ཤིང་གི་རྐུབ་སྟེགས་སྟེང་དུ་ཚོན་མདོག་སྣ་ལྔ་ལྡན་པའི་བོད་ལུགས་ས་གདན་བཏིང་པ་དང་། ཅོག་ཙེ་དང་ཆ་སྒམ་སོགས་ཀྱི་སྟེང་དུ་བོད་རང་གི་ཁྱད་ཆོས་ལྡན་པའི་འབུར་རྐོས་རི་མོས་རྣམ་པར་བརྒྱན་ཡོད། 

བཀྲ་ཤིས་ཕུན་ཚོགས་ཀྱིས་སྔོན་ཆད་ཁོ་ཚོ་སྦྲ་ནག་ནང་བསྡད་ཡོད་ལ། རྗེས་སུ་ཆུ་བོའི་ཕ་རོལ་དུ་གཏན་འཇགས་ཀྱི་སྡོད་ཁང་བཙུགས་པ་ཡིན། ད་ལྟའི་ཁང་པ་འདི་ནི་ཁོ་ཚོའི་མི་རབས་གསུམ་པའི་གཞིས་ཁྱིམ་གསར་པ་ཡིན་ཞིང་ལོ་འགའི་སྔོན་དུ་སྲིད་གཞུང་གི་རོགས་སྐྱོར་འོག་ལས་པ་ཡིན། གཞིས་ཁྱིམ་འདིར་ཁེར་རྐྱང་གི་ལྷས་ར་དང་ཁང་པ་གྱན་འགའ་ཡོད་པས་བཟའ་མི་ལྔ་པོས་བདེ་སྐྱིད་ཀྱི་འཚོ་བར་རོལ་ནས་བསྡད་ཡོད། ལོ་འདི་འགར་རྒྱུན་མཐུད་ངང་ཁྱིམ་ཆས་ཁ་སྣོན་བྱས་ཤིང་རང་ཉིད་ཀྱི་དགའ་ཕྱོགས་ལྟར་མཛེས་བཟོ་བྱས་པ་ཡིན་ཟེར།

བཀྲ་ཤིས་ཕུན་ཚོགས་ཀྱི་བུ་སྟེ་ལོ25སོན་པའི་བོད་རིགས་བུ་རྒོད་རྡོ་རྗེ་བཀྲ་ཤིས་ཀྱི་རྒྱ་སྐད་ཆུ་ཚད་ཤིན་ཏུ་བཟང་བས། ཁོས་ང་ཚོར་ཕ་མ་དང་ནུ་མོ་ཚོས་རྒྱུན་དུ་འབྲོག་ས་རུ་ནོར་གནག120ལྷག་འཚོས་ནས་བསྡད་ཡོད། ནུ་བོ་ལན་ཀྲུའུ་རུ་སློབ་ཆེན་འགྲིམ་བཞིན་ཡོད། ཁོོ་རང་ཉིད་རྫོང་མཁར་དུ་བསྡད་ཡོད་ནའང་རྒྱུན་དུ་ཕྱིར་ཡོང་ནས་ཕྱུགས་འཚོ་རོགས་བྱེད་བཞིན་ཡོད་ཟེར། 

རྡོ་རྗེ་བཀྲ་ཤིས་ཀྱིས་ད་བར་འབྲི་སྟོད་རྫོང་ནས་ཟོ་སྐྱ་ཤང་བར་དུ་སྣུམ་ལམ་ལས་ནས་རླངས་འཁོར་ཤར་གཏོང་བྱས་ཡོད་པས་ང་ཚོ་ཕར་འགྲོ་ཚུར་འོང་བྱེད་ན་ཤིན་ཏུ་སྟབས་བདེ་ཡིན། ང་ཚོ་ཆུང་དུས་ལམ་འདི་འདྲ་མེད་པས་ཤང་ཐོག་ཏུ་འགྲོ་དགོས་ན་རྟ་ལ་ཞོན་ནས་འགྲོ་དགོས། སློབ་གྲྭར་འགྲོ་ན་དུས་ཚོད་ལྔ་དྲུག་རེ་དགོས་པས་དུས་རྒྱུན་དུ་སློབ་གྲྭ་ནས་འདུག་དགོས། གཟའ་མཇུག་ལ་ཁྱིམ་དུ་ཡོང་སྐབས་གལ་ཏེ་གནམ་གཤིས་སྡུག་པོ་དང་འཕྲད་ཚེ་འགྲོ་ཐུབ་བྲལ་ཟེར། ད་ལྟ་ཁོ་ཚང་ལ་རླངས་འཁོར་གཅིག་དང་འཕྲུལ་རྟ་གཅིག་ཡོད་པས་ཤང་ཐོག་ལ་སྐད་ཅིག་ཙམ་དུ་ཐོན་འགྲོ།

ཟོ་སྐྱ་ཤང་ནི་སྤྱི་ལོ1963ལོར་བཙུགས་པ་དང1967ལོར་ཟོ་སྐྱ་ཞེས་མིང་གཏན་འབེབས་བྱས་པ་རེད། བོད་སྐད་ཀྱི་ནང་དོན་ནི་ཤང་གྲོང་གསར་པའི་དོན་རེད། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཟོ་སྐྱ་ཤང་གི་རྣམ་པའང་ཇེ་གསར་ཇེ་ཡག་ཏུ་གྱུར་པ་དང་མི་རྣམས་ཀྱི་འཚོ་བའང་ཇེ་བཟང་ཇེ་ལེགས་སུ་འགྱུར་བཞིན་ཡོད།

ཁྱིམ་ཚང་གཅིག་ལ་ལས་གནས་གཅིག

ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད།

ཕྱུགས་འཚོ་བ་ལས་གཞན་བཀྲ་ཤིས་ཕུན་ཚོགས་ལ་ད་རུང་ལས་ཀ་ཞིག་ཡོད་པ་དེ་ནི་ཁོ་རང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་རེད། 

གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ལ། གདོད་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་ཆ་ཚང་ཞིང་སྤུས་ལེགས། ཁོ་ཚོར་མི་རབས་ནས་མི་རབས་བར་སྐྱེ་ཁམས་སྲུང་སྐྱོང་གི་སྲོལ་བཟང་ཡོད།

2021ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། འདི་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་སྐོར་ཁག་དང་པོ་དང་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་དེ་རེད། སྐྱེ་ཁམས་ཁོར་ཡུལ་ལ་སྲུང་སྐྱོང་ལེགས་པོ་བྱ་ཆེད་ཟོ་སྐྱ་ཤང་གིས་ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་གི་ལམ་ལུགས་བཙུགས་ནས་ལག་བསྟར་བྱས་ཤིང་། ཤང་ཡོངས་ཀྱི་ཁྱིམ་ཚང་རེ་རེར་དོ་དམ་སྲུང་སྐྱོང་པ་རེ་ཡོད་པས་ཁོ་ཚོས་དུས་ལྟར་གཅིག་བསྡུ་ངང་སྐོར་ཞིབ་དོ་དམ་བྱེད་བཞིན་ཡོད། 

བཀྲ་ཤིས་ཕུན་ཚོགས་ཀྱིས་འདི་ལྟར་མཛེས་སྡུག་གི་རྩྭ་ཐང་དང་མཚོ་དང་མཚེའུ། བརླན་ས་སོགས་སུ་ཡང་དང་བསྐྱར་དུ་གོམ་པའི་འདེགས་འཇོག་བསྒྱུར་ཏེ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱས་པ་དང་། ཉེ་འཁོར་གྱི་གད་སྙིགས་འཐུ་བ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་ལེགས་པོར་བཀོད། ཐེངས་ཤིག་ལ་ཁོ་རང་རྨས་སྐྱོན་ཕོག་པའི་རྐྱང་ཞིག་ལ་ཐུག་པས་ཁོས་དུས་ཐོག་ཏུ་གསོ་སྦྱོང་བྱེད་སྐབས་བསླབ་པའི་ཤེས་བྱ་བཀོལ་ཏེ་རྐྱང་དེ་ལ་བཟི་སྨན་བརྒྱབ་པ་དང་སྨན་བཅོས་བྱེད་དུ་འཁྱེར། འདི་ནི་ཁོ་རང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་བསྡད་སྐབས་ཀྱི་ཆེས་དགའ་འོས་པའི་དོན་དག་དེ་རེད། 

ཟོ་སྐྱ་ཤང་གི་ཏང་ཨུའི་ཧྲུའུ་ཅི་དོན་འགྲུབ་དཔལ་ལྡན་གྱིས་ང་ཚོར། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་བྱེད་པ་ནི་ང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་རྟེན་གཞི་དང་ལག་འཇུ་ས་ལྟ་བུ་ཡིན། སྔོན་ཆད་ཨ་ཆེན་གངས་བརྒྱབ་ནི་ཁྲིམས་འགལ་རྔོན་པ་ཚབས་ཆེ་བའི་གནས་ཤིག་ཡིན་པ་དང་། གཙོད་ཁྲི་བཅུ་ཕྲག་ལྷག་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཁྲི2ལས་མི་འདང་པའི་བར་ཇེ་ཉུང་དུ་གྱུར། ཕྱོགས་མང་པོའི་འབད་བརྩོན་འོག་ད་ལྟ་གཙོད་ཀྱི་གྲངས་འབོར་ཁྲི་བཅུ་ཕྲག་བར་དུ་སླར་གསོ་བྱུང་འདུག ང་ཚོ་གཙང་གསུམ་འབྱུང་ཡུལ་གྱི་མགོ་ཁུངས་ཡིན་པའི་ཆ་ནས་མགོ་ཁུངས་ཀྱི་འགན་འཁྲི་དང་དུ་ལེན་པ་དང་མགོ་ཁུངས་ཀྱི་ལས་འགན་ཕྲག་ཏུ་འཁུར་ངེས་ཡིན་ཟེར། 

མཐའ་ཡས་པའི་རྩྭ་ཐང་ཆེ་མོ། 

ཕུན་སུམ་ཚོགས་པའི་འཚོ་བའི་རྣམ་པ། 

ཁོ་ཚང་གི་མགྲོན་ཁང་གི་ཆ་སྒམ་སྟེང་དུ་བྱ་དགའི་གཟེངས་རྟགས་ཀྱི་བུམ་བཟང་ཞིག་བཞག་ཡོད་དེ། རྡོ་རྗེ་བཀྲ་ཤིས་ཅུང་ཙམ་ངོ་ཚ་བའི་སྒོ་ནས་གདོང་ལ་འཛུམ་ཞིག་ལངས་ཏེ་འདི་ནི་ང་ཚོའི་རྫོང་གིས་ལག་རྩེད་སྤོ་ལོ་འགྲན་སྡུར་སྤེལ་སྐབས་ང་ཚོར་ཐོབ་པའི་བྱ་དགའི་བུམ་བཟང་ཡིན་ཟེར།  

ས་མཐོའི་མི་རྣམས་ལུས་རྩལ་ལ་དགའ་ཞིང་དུངས་པས་འབྲི་སྟོད་རྫོང་གིས་ལོ་རེར་ལུས་རྩལ་བྱ་འགུལ་དང་ལག་རྩེད་སྤོ་ལོ་འགྲན་སྡུར། རྐང་རྩེད་སྤོ་ལོ་འགྲན་སྡུར་སོགས་དམངས་ཡོངས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཏེ་ས་སྒྱེ་འདེགས་པ་དང་འོ་མ་དཀྲུགས་པ་སོགས་ཀྱི་འགྲན་སྡུར་སྤེལ།

བྱེད་སྒོ་ཆེས་གལ་ཆེ་བ་དང་ཆེས་འདུ་འཛི་ཆེ་བ་དེ་ནི་ལོ་རེ་རེའི་ནོར་གནག་དུས་སྟོན་ལས་མ་འདས་ཏེ། ལོ་རེའི་ཟླ་བརྒྱད་པར། རྫོང་ཡོངས་དང་དེའི་ཉེ་འཁོར་གྱི་འབྲོག་མི་རྣམས་ཀྱིས་རང་རང་གི་ནོར་གནག་ཁྲིད་ནས་ཕྱོགས་གཅིག་ཏུ་འཛོམས་ཏེ་ནོར་གནག་གི་ཆེ་ཆུང་དང་ཤེད་དང་སྟོབས་ཆེ་མིན་སོགས་ཀྱི་སྐོར་ནས་འགྲན་སྡུར་བྱས་རྗེས་གཡག་རྒྱུད་ལེགས་པོ་བདམས། ནོར་གནག་ཁ་ཤས་ལ་དུང་ཡུལ་དངོས་ནས་རིན་གོང་འགྲན་སྡུར་བྱེད་པའི་རྣམ་པ་བརྒྱུད་དེ་ཕྱིར་ཚོང་བྱས། ནོར་གནག་དུས་སྟོན་ཉིན་སུམ་བཞི་བར་རྒྱུན་མཐུད་ངང་སྤེལ་ཞིང་མི་ཚང་མས་མཉམ་དུ་སྙན་པའི་གླུ་དབྱངས་ངག་ལ་བཀུག་པ་དང་། སྐྱིད་པའི་བྲོ་གར་འཁྲབ་སྟེ་དུས་སྟོན་གྱི་ལྷན་འཛོམས་དང་སྤྲོ་སྐྱིད་ལ་མཉམ་རོལ་བྱས།

འབྲོག་མིའི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་དང་འགྱུར་བཞིན་ཡོད་དེ། ཤང་ཐོག་ཏུ་དཔེ་ཁང་ཕྱེས་པས་རིན་མེད་ངང་དཔེ་ཀློག་བྱེད་ཆོག་པ་མ་ཟད་ད་དུང་དཔེ་ཀློག་ལ་སྟབས་བདེ་བསྐྲུན་ཆེད་དུ་གློག་དེབ་འཆར་ངོས་ཀྱང་བཞག་ཡོད། འབྲི་སྟོད་རྫོང་གིས་དྲ་ལམ་དཔེ་མཛོད་ཁང་བཙུགས་ཏེ་གཟའ་འཁོར་རེར་དཔེ་དེབ་བཟང་པོ་འོས་སྦྱོར་བྱས། ས་ཐག་ཅུང་རིང་པའི་འབྲོག་པ་ཚོས་ཀྱང་ཁ་པར་དྲ་ལམ་ནས་དཔེ་ཀློག་བྱེད་ཐུབ།

ད་ལོའི་རྒྱལ་སྟོན་གུང་གསེང་སྐབས་སུ་རྡོ་རྗེ་བཀྲ་ཤིས་དང་ཁོའི་གྲོགས་པོ་ཚོ་མཉམ་དུ་འབྲི་ཆུའི་མགོ་ཁུངས་སུ་ཡུལ་སྐོར་ལ་འགྲོ་རྒྱུར་དུས་བཅད་བྱས། ཁོ་ཚོ་མགོ་ཁུངས་ཀྱི་ས་ཁུལ་དུ་ཡོད་ཀྱང་རུང་ཆུང་དུས་སུ་འགྲིམ་འགྲུལ་སྟབས་མི་བདེ་བས་འགྲོ་མྱོང་མེད།  ལོ་ངོ་དྲུག་བདུན་ཡས་མས་ཀྱི་ཡར་སྔོན་དུ་ལམ་ལས་རྗེས་ཁོ་ཚོས་ཀྱང་སྒེར་འཁོར་སྐོར་ནས་འབྲི་ཆུའི་མགོ་ཁུངས་ལ་བལྟ་རུ་འགྲོ་ཐུབ།

རྡོ་རྗེ་བཀྲ་ཤིས་ཕ་ཡུལ་ལ་ཁ་འབྲལ་བའི་འཆར་གཞི་མེད་པས་ང་རང་གནས་འདིར་ཤིན་ཏུ་དགའ། གནས་འདིའི་རྩྭ་ཐང་ལ་དགའ། གནས་འདིའི་སྲོག་ཆགས་དག་ལ་དགའ།  ཡུན་རིང་དུ་གནས་འདི་ནས་འདུག་རྒྱུ་ནི་ངའི་རེ་བ་ཡིན་ཞེས་བརྗོད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།