ཞི་ཅིན་ཕིང་གིས་ཞ་མིན་མཁའ་འགྲུལ་ཚད་ཡོད་ཀུང་ཟིའི་ལས་མི་ཡོངས་ལ་འཕྲིན་ལན་བསྐུར།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཞ་མིན་མཁའ་འགྲུལ་ཚད་ཡོད་ཀུང་ཟི་བཙུགས་ནས་ལོ40འཁོར་བའི་སྐབས་འདིར།    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཞ་མིན་མཁའ་འགྲུལ་ཀུང་ཟིའི་ལས་མི་ཡོངས་ལ་འཕྲིན་ལན་བསྐུར་ནས། ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད་རེ་བ་དང་མངགས་བཅོལ་ཟབ་མོ་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ། ངས་ཞ་མིན་དུ་བྱ་བ་སྒྲུབ་སྐབས་ཞ་མིན་མཁའ་འགྲུལ་ཀུང་ཟིའི་ཐོག་མའི་གསར་གཏོད་ནང་ཞུགས་མྱོང་།    ལོ་ངོ40ཡི་རིང་ཀུང་ཟིའི་འཚར་ལོངས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱིན་ཡོད།    ཆུང་བ་ནས་ཆེན་པོར་གྱུར་པའི་ཞ་མིན་མཁའ་འགྲུལ་ཀུང་ཟིས་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་སོང་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཁྱོད་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་།    བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ།    ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ།    བདེ་འཇགས་ཀྱི་ཚད་མཐའ་བརྟན་པོ་བསྐྲུན་པ།    དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་ལེགས་པར་བཏོན་ནས། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་སྟོབས་ཤུགས་སྔར་ལས་མང་པོ་འབུལ་རྒྱུའི་རེ་བ་ཡོད།

ཞ་མིན་མཁའ་འགྲུལ་ཚད་ཡོད་ཀུང་ཟི་ནི1984ལོའི་ཟླ7པར་བཙུགས་པ་དང་།    དེ་ནི་རང་རྒྱལ་གྱི་དེང་རབས་ཁེ་ལས་ལམ་ལུགས་ལྟར་གཉེར་སྐྱོང་བྱེད་པའི་མཁའ་འགྲུལ་ཀུང་ཟི་ཐོག་མ་རེད།     ཞ་མིན་དུ་བྱ་བ་སྒྲུབ་སྐབས་ཞི་ཅིན་ཕིང་གིས་ཐོག་མའི་དུས་མཚམས་སུ་གནས་པའི་ཞ་མིན་མཁའ་འགྲུལ་ཀུང་ཟིར་དཀའ་གནད་མང་པོ་མཐུན་སྦྱོར་ངང་ཐག་གཅོད་བྱས་པར་མ་ཟད།    ཞ་མིན་མཁའ་འགྲུལ་ཀུང་ཟིར་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་མཛུབ་ཁྲིད་ཀྱང་གནང་ཡོད།     མིག་སྔར། ཞ་མིན་མཁའ་འགྲུལ་ཀུང་ཟིས་གཉེར་སྐྱོང་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ400ལྷག་ཙམ་ཟིན་པ་དང་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་བྱེ་བ་བཞི་ཙམ་ཟིན་ནས། འཕུར་སྐྱོད་བདེ་འཇགས་ཀྱི་སྐར་ལྔའི་བྱ་དགའ་དང་ཀྲུང་གོའི་སྤུས་ཚད་བྱ་དགའ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་།     ཉེ་ལམ། ཞ་མིན་མཁའ་འགྲུལ་ཀུང་ཟིའི་ལས་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་ཀུང་ཟི་བཙུགས་ནས་ལོ40འཁོར་བའི་རིང་བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་ཞུར་ཕུལ་བ་དང་།    ཐོག་མའི་བསམ་འདུན་མི་བརྗེད་པ་དང་བློ་རྩ་བརྟན་པོས་བཅོས་སྒྱུར་བྱས་ཏེ་ཀུང་ཟི་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ་མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཧུར་ཐག་གིས་རོགས་རམ་བྱེད་རྒྱུའི་ཆོད་སེམས་མཚོན་པར་བྱས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།