མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་འབབ་རྒྱུད་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.97ཐོག་མར་གཤམ་སྤྲོད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ11པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   འབབ་རྒྱུད་གཙོ་བོ་ཡི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་རྒྱབ་སྐྱོར་དང་།    རྫོང(གྲོང་ཁྱེར་དང་ཆུས)གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ལག་བསྟར།    འབབ་རྒྱུད་ཀྱི“ཐུན་མོང་གི་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་བཅོས་སྐྱོང་ཆེན་པོར་མཉམ་དུ་སྐུལ་འདེད་གཏོང་བར”སྐུལ་འདེད་བཅས་བྱ་ཆེད།    ཞིང་ཆེན་ནོར་སྲིད་ཐིང་སོགས་ལས་ཁུངས་བཞི་ཡིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་འབབ་ཁུལ་གཙོ་བོ་ཡི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《ཁ་གསབ་བྱེད་ཐབས》ཞེས་བསྡུ་རྒྱུ)གཞིར་བཟུང་།    ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས2022ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཆུ་བོ་འབབ་རྒྱུད་གཙོ་བོ་ཡི་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.97ཐོག་མར་གཤམ་སྤྲོད་བྱས།      

བསྡོམས་རྩིས་བྱས་པ་ལྟར་ན།    ཁ་གསབ་ཐོབ་པའི་རྫོང40ཡི་ཁྲོད་དུ།    ཆ་སྙོམས་བྱས་ན་རྫོང་(གྲོང་ཁྱེར་དང་ཁུལ)རེར་ཁ་གསབ་སྒོར་ཁྲི742རེ་ཐོབ་ཡོད་དེ།    ཆ་སྙོམས་ཀྱི་གྲངས་ལས་མཐོ་བའི་རྫོང(གྲོང་ཁྱེར་དང་ཆུས)13ཡོད་པ་དང། ཆ་སྙོམས་གྲངས་ལས་ཉུང་བའི་རྫོང27ཡོད།    དེ་ལས་ཁ་གསབ་མ་དངུལ་མང་ཤོས་ཐོབ་པའི་རྫོང(གྲོང་ཁྱེར)3ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ལ་སྒོར་ཁྲི2154.99དང་།    མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ལ་སྒོར་ཁྲི1634.14། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ལ་སྒོར་ཁྲི1504.39བཅས་རེད།   དེ་བཞིན་དུ་ཁ་གསབ་མ་དངུལ་ཐོབ་པ་ཆེས་ཉུང་བའི་རྫོང་གསུམ་(ཆུས)ནི། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ལ་སྒོར་ཁྲི474.81དང་།    མཚོ་ཤར་གྲོང་ཁྱེར་གྱི་དམར་གཙང་ཁུལ་ལ་སྒོར་ཁྲི464.04། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་སྒོར་ཁྲི321.82རེད།     

《ཁ་གསབ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན།    ཞིང་ཆེན་ནོར་སྲིད་ཐིང་གིས“འགན་འཁྲི་མཉམ་འཁུར”གྱི་རྩ་དོན་གཞིར་བཟུང་སྟེ། ཐེངས་དང་པོར་ཞིང་ཆེན་རིམ་པ་དང་རྫོང་(གྲོང་ཁྱེར་དང་ཁུལ)རིམ་པས་མཉམ་དུ་མ་དངུལ་སྒོར་དུང་ཕྱུར3གྲབས་གསོག་བྱས་པ་དང་།  འབྲེལ་ཡོད་ལས་ཁུངས་ཀྱིས2022ལོའི་རྒྱལ་ཁབ་དང་ཞིང་ཆེན་གྱི་ཆུ་བཅད་ངོས་ཀྱི་ཆུ་སྤུས་ཚད་ལོན་པའི་གནས་ཚུལ་དང་།    ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་བསྟར་བྱས་ཚུལ་དང་དེ་བཞིན་རྫོང་དང་གྲོང་ཁྱེར་དང་ཆུས་ཁག་གི་བརླན་ས།    ནགས་ཚལ།    རྩྭ་ཐང་གི་རྒྱ་ཁྱོན་བཅས་ཀྱི་གནས་ཚུལ་ལ་དཔྱད་ཞིབ་བྱས་པའི་རྒྱུ་རྐྱེན་གསུམ་གཞིར་བཟུང་།      རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འབབ་རྒྱུད་ཀྱི་རྫོང(གྲོང་ཁྱེར་དང་ཆུས)40ཡི་སྐྱེ་ཁམས་ཁ་གསབ་མ་དངུལ་བགོ་བཤའ་ཐད་ཚོད་རྩིས་བྱས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་དང་བསྐྱར་ཞིབ་ནན་ཏན་བྱས་པའི་རྨང་གཞིའི་ཐོག་ཁྱོན་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི29678.18གཤམ་སྤྲོད་བྱས་ཡོད།

གཞན་ཡང་བྱ་དགའ་སྤྲོད་པ་དང་ཆད་པ་གཅོད་པའི་ལམ་སྲོལ་གང་ལེགས་མངོན་ཆེད།    ཞིང་ཆེན་ནོར་སྲིད་ཐིང་གིས2022ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་རྫོང་ཁོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱས་འབྲས་ལ་གཞིགས་ནས། ས་ཁུལ་ཁག་ཅིག་གི་མིའི་རྐྱེན་ལས་བྱུང་བའི་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ཐད་ལ་མ་དངུལ་གྱི50%འཕྲི་འཐེན་བགོ་འགྲེམས་བྱས་པའི་རིམ་པ་དེ་ལོ་རྗེས་མར་མཉམ་དུ་བགོ་བཤའ་རྒྱག་རྒྱུ་བྱས།    

རྩོམ་སྒྲིག་པ། ཨ་གཡང་སྐྱིད།