མཚོ་སྔོན་ཞིང་ཆེན་ཏང་ཨུ་མོས་མཐུན་བྱུང་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བྱེད་ཐབས་དགུ་སྤྱད་དེ་སྒྲིག་འགལ་ཟ་འཐུང་གི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུ་ཐག་བཅད་ཅིང་། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་དང་འཛེར་མ་འཛེར་བའི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་འགལ་ཟ་འཐུང་ལ་བཅོས་སྒྲིག་གཏིང་ཟབ་ཆད་མེད་དུ་བྱས་ཏེ། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ཀྱི་སྲུང་རགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་རྒྱུ་གཏན་ལ་ཕབ།
གཅིག བསམ་བློའི་ངོས་འཛིན་གཙང་སེལ་བྱ་བ་ནས་མགོ་ཚུགས་ཏེ“དམིགས་བསལ་སྨྲ་བ”མེད་པར་བཟོ་དགོས། དེ་ཡང་རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་ཆེད་དོན་གྲོས་ཞིབ་བརྒྱུད། “མཐོ་སྒང་ས་ཁུལ་གྱི་བྱ་བར་བྱས་རྗེས་མེད་ཀྱང་དཀའ་སྡུག་བརྒྱབ་ཡོད་པ”དང་། “ཆ་རྐྱེན་དཀའ་ཚེགས་ཆེ་ན་ཚད་གཞི་ཇེ་དམའ་རུ་བཏང་ནས་བླང་བྱ་ལྷོད་གཡེང་དུ་བཏང་ཆོག་པ”། “དམངས་སྲོལ་གོམས་གཤིས་ཡིན་ན་གུ་ཡངས་དགོས་པ”སོགས་ཀྱི་ནོར་འཁྲུལ་ངོས་འཛིན་གཙང་སེལ་བྱ་དགོས་པའི་བླང་བྱ་བཏོན།
གཉིས། སྒྲིག་འགལ་ཟ་འཐུང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲད་དགོས། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁ་པར་ཡོང་བ་དང་། འཚམས་འདྲི། འཕྲིན་ཡིག དྲ་ཐོག་ནས་ཐེར་འདོན། སྒྲིག་འགལ་ཟ་འཐུང“ཨང་རྟགས་གོང་ཞུ”བཅས་ཀྱི་ལྟ་སྐུལ་ཐེར་འདོན་ཐབས་ལམ་བཏོན་ཏེ། མང་ཚོགས་ཀྱིས་མིང་ངོ་མ་ཐོག་ནས་ཐེར་འདོན་བྱ་བར་ཡར་སྐུལ་བྱ་དགོས་པ་དང་། སྒྲིག་འགལ་ཟ་འཐུང་ཐེར་འདོན་དངོས་བྱས་ཚེ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱེད་སྐབས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲད་དགོས་པའི་བླང་བྱ་བཏོན།
གསུམ། རྒྱུན་ལྡན་གྱི་དྲན་སྐུལ་མཐའ་འཁྱོངས་བྱ་དགོས། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་གཏན་འཁེལ་དང་དུས་ངེས་མེད་དུ་དྲ་ཚིགས་དང་སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་དེ། སྒྲིག་འགལ་ཟ་འཐུང་ཐད་ཀྱི“བཀག་སྡོམ་བཅུ”ཡི་སྒྲིག་ཁྲིམས་བླང་བྱ་བསྐྱར་བསྒྲགས་རྒྱུན་ཚུལ་ཅན་དུ་གཏང་དགོས་པ་དང་། དུས་ཆེན་དང་གུང་གསེང་སོགས་དུས་ཚོད་གལ་ཆེན་ནང་ཏང་ཡོན་ལས་བྱེད་པར་སྲིད་གཙང་འཕྲིན་ཐུང་བསྐུར་ནས་གཟབ་ནན་གྱི་ཁ་དབུགས་གཏོད་དགོས་པའི་བླང་བྱ་བཏོན།
བཞི། མགྱོགས་པོར་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱ་བ་རྒྱུན་འཁྱོངས་བྱ་དགོས། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པས“བཀག་སྡོམ་བཅུ”ཡི་བླང་བྱ་ཁྱབ་བསྒྲགས་བྱས་རྗེས་སྒྲིག་འགལ་གྱིས་ཟ་འཐུང་བྱས་པ་ཤེས་ཚེ། ཐོག་མར་ཚང་མའི་ལས་མཚམས་བཞག་སྟེ་ཞིབ་བཤེར་དང་། ཡང་ཡང་ཞིབ་བཤེར་དང་བརྟག་དཔྱད་བྱ་དགོས་པར་མ་ཟད། སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་སྐབས་རྩ་འཛུགས་ཀྱི་ཐག་གཅོད་བསམ་འཆར་མཉམ་དུ་བཏོན་ཏེ། རྩ་འཛུགས་སྡེ་ཁག་ལ་ཡིག་ཐོག་ནས་བརྡ་ཁྱབ་གཏང་དགོས། སྤྱིར་བཏང་གི་སྒྲིག་འགལ་ཟ་འཐུང་གྱོད་གཞི་ཟླ་ཕྱེད་ནང་ཐག་གཅད་དགོས་པ་དང་། རྙོག་འཛིང་ཆེ་བའི་གྱོད་གཞི་ཟླ་གཅིག་གི་ནང་དུ་ཐག་གཅོད་དགོས་པའི་བླང་བྱ་བཏོན།
ལྔ། ཡུལ་དངོས་ཀྱི་སྤྱོད་ཚུལ་ལ་ཞིབ་བཤེར་བྱས་ནས་སྒྲིག་འགལ་དཔེ་མཚོན་ཅན་འཛིན་དགོས། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ལས་ཁུངས་དང་མཉམ་དུ་འགུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་བཟི་ནས་རླངས་འཁོར་བསྐོར་བར་གཞི་བྱས་ནས་དུས་ངེས་མེད་ལ་མངོན་ལྐོག་ཅི་རིགས་ནས་ཞིབ་བཤེར་བྱ་རྒྱུ་དང་། ཁོངས་སྣེ་དེད་དེ་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ཟ་འཐུང་གི་གནད་དོན་རྩད་གཅོད་གསལ་པོ་ཏེ། ཡུལ་དངོས་ཀྱི་སྤྱོད་ཚུལ་ལ་ཞིབ་བཤེར་དང་སྒྲིག་འགལ་དཔེ་མཚོན་ཅན་འཛིན་དགོས་པའི་བླང་བྱ་བཏོན།
དྲུག སྤྱོད་ཚུལ་དང་རུལ་སུངས་མཉམ་བཤེར་དང་མཉམ་་བཅོས་བྱ་བར་མཐའ་འཁྱོངས་བྱ་དགོས། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“སྤྱོད་ཚུལ་ནས་རུལ་སུངས་ལ་ཞིབ་བཤེར”དང་།“རུལ་སུངས་ནས་སྤྱོད་ཚུལ་ཡོ་བསྲང་བྱ་བ”དང་། “སྦྱིན་བདག་གི་ཟ་མ་ཟ་བ”དང“འོག་རིམ་གྱི་ཟ་མ་ཟ་བ”སོགས་སྒྲིག་འགལ་ཟ་འཐུང་གི་རྒྱབ་ཕྱོགས་སུ་བྱ་བ་མངགས་བཅོལ་དང་། ཁེ་ཕན་སྐྱེལ་འདྲེན་སོགས་རུལ་སུངས་ཀྱི་གནད་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། སྒྲིག་འགལ་ཟ་འཐུང་གི་ཚོ་ཆུང་དང་དེའི་ནང་ཞུགས་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས་རུལ་སུངས་ཀྱི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པའི་བླང་བྱ་བཏོན།
བདུན། གྱོད་གཞི་གཅིག་ལ་ཞིབ་བཤེར་ཐེངས་གསུམ་བྱ་བར་རྒྱུན་འཁྱོངས་བྱ་དགོས། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ས་ཁུལ་དང་། སྡེ་ཁག ལས་ཁུངས་བཅས་སུ་ཤུགས་རྐྱེན་ངན་པ་ཐེབས་པའི་སྒྲིག་འགལ་ཟ་འཐུང་གི་ཁྲོད་ཞུགས་པའི་གནད་དོན་ཐེངས་མང་ཐོན་པར། རང་ངོས་ནས་དུས་ཐོག་ཏུ་དག་ཐེར་བྱེད་མ་ཐུབ་ན། རིམ་པ་གཅིག་གིས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ལམ་སེང་རྗེས་བསྙེགས་ནས་རིམ་པ་སྤར་ནས་ཐག་གཅོད་ནན་མོ་བྱ་དགོས་པར་མ་ཟད། འགན་འཁྲི་རྩད་གཅོད་གྱི་གོ་རིམ་བཞིན་ཏང་ཨུའི(ཏང་ཙུའུ་)བྱེད་པོའི་འགན་འཁྲི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་བདའ་འདེད་གཏང་དགོས་པའི་བླང་བྱ་བཏོན།
བརྒྱད། མིང་བསྒྲགས་ནས་ཐེར་འདོན་བྱ་དགོས། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་འགལ་ཟ་འཐུང་གྱོད་གཞི་ཐག་གཅོད་བྱེད་སྐབས། དུས་ཐོག་ཏུ་རུས་མིང་བསྒྲགས་ནས་ཐེར་འདོན་བྱ་དགོས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པ་ཚང་མ་ལས་ཁུངས་དེའི་ལས་བྱེད་པའི་ཚོགས་ཆེན་ཐོག་ཡོངས་བསྒྲགས་ཐོག་སྐྱོན་མཚང་ཡོ་བསྲང་བྱེད་དུ་འཇུག་དགོས་པར་མ་ཟད། གམ་གྱི་ལས་གྲོགས་ལ་སོགས་པར་སློབ་གསོ་དང་ཉེན་བརྡ་བཏང་སྟེ་གྱོད་གཞི་རེ་རེ་ཞིབ་བཤེར་ཐག་གཅོད་དང་། ས་ཆ་རེ་རེ་ལ་ཉེན་བརྡ་གཏོང་བ། ས་ཆ་རེ་རེ་བཅོས་སྐྱོང་བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཐོན་དགོས་པའི་བླང་བྱ་བཏོན།
དགུ། ལྟ་སྐུལ་གྱི་མཉམ་ཤུགས་ཆགས་དགོས། ལས་རིགས་དང་ལས་ཁུངས་ཁག་གིས་སྒྲིག་འགལ་ཟ་འཐུང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མི་སྒེར་གྱི་འདུ་གནས་དང་མི་སྒེར་གྱི་འདུ་གནས་ཀྱི་ངོ་བོ་ལྡན་པའི་མི་མངོན་པའི་གནས་ཡུལ་ལ་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་དང་ལས་ཁུངས་ལས་དོན་དོ་དམ་ལས་ཁུངས་ཀྱིས་གཞུང་དོན་སྣེ་ལེན་གྱི་འགྲོ་སོང་རྩིས་ཞུའི་ཞིབ་མཆན་འགོད་པའི་སྒྲིག་སྲོལ་དང་དཔང་ཡིག་གི་ཆ་རྐྱེན་ཚད་ལྡན་དུ་གཏོང་བ་དང་། གཞུང་དོན་སྣེ་ལེན་སོགས་ཀྱི་གནས་ཚུལ་ལ་དུས་བཀག་ལྟར་ཞིབ་བཤེར་དང་འཐེན་བཤེར་བྱེད་པ། གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ལ་བསྐྱལ་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱ་དགོས་པའི་བླང་བྱ་བཏོན།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།