ཁྲག་ཤེད་མཐོ་བའི་ནད་པས་ངེས་པར་དུ་གཟིཊ་ཙམ་གནང་དང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

 གཅིག ཁྲག་ཤེད་མཐོ་བའི་ནད་པས་ངེས་པར་དུ་ཁྲག་ཤེད་གཅོག་པའི་སྨན་བསྟེན་དགོས་སམ།

ངེས་པ་མེད། ཁྲག་ཤེད་མཐོ་བའི་ནད་སྨན་བཅོས་བྱེད་པར་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱེད་ཐབས་དང་སྨན་རྫས་མིན་པའི་སྨན་བཅོས་བྱེད་ཐབས་ཁག་གཉིས་ཡོད། སྨན་རྫས་མིན་པའི་སྨན་བཅོས་བྱེད་ཐབས་ནི་གཙོ་བོ་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་རྒྱུ་དེ་རེད། དཔེར་ན། ནཱ་འདུས་པའི་ཚྭར་ཚོད་འཛིན་དང་། ལུས་སྦྱོང་མང་ཙམ་བྱེད་པ། ངལ་གསོ་ཡག་པོ་རྒྱག་པ། གཉིད་ཡག་པོ་ཁུག་པ། སེམས་ལྷོད་པོ་ཡོང་བ། ཐ་མག་དང་ཆང་རག་གཅོད་པ་སོགས་ཚུད་ཡོད། གལ་སྲིད་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་བཏང་རུང་ཁྲག་ཤེད་ཚོད་འཛིན་མ་ཐུབ་ན། སྨན་པའི་མཛུབ་སྟོན་འོག་ཁྲག་ཤེད་གཅོག་པའི་སྨན་བསྟེན་ནས་སྨན་བཅོས་བྱེད་དགོས།

 གཉིས། ནད་ཐོག་སྨན་བཅོས་བྱེད་སྐབས་རྒྱུན་མཐོང་གི་ཁྲག་ཤེད་གཅོག་པའི་ཀྲུང་ལུཊ་སྨན་རྫས་གང་དག་ཡོད་དམ།

ཀྲུང་ལུགས་ཀྱི་ཁྲག་ཤེད་གཅོག་པའི་སྨན་རྫས་ཀྱིས་ཁྲག་ཤེད་ཚོད་འཛིན་བྱེད་པའི་ཐད་ནུས་པ་ངེས་ཅན་ཐོན་གྱི་ཡོད་པས། ཚད་ལྡན་གྱི་ལས་རིགས་སྨན་པའི་མཛུབ་སྟོན་འོག་བསྟེན་དགོས། རྒྱུན་མཐོང་གི་ཁྲག་ཤེད་གཅོག་པའི་ཀྲུང་ལུགས་སྨན་རྫས་གྲས་སུ་ལོའུ་པུ་མ་ཁྲག་ཤེད་སྨན་དང་། ཧྥུ་ཧྥང་ལིང་ཅའོ་ཁྲག་ཤེད་སྨན། ཧྲན་ཀྲ་ཅུའེ་ཁྲག་ཤེད་སྨན། ཀྲེན་ཅུས་ཁྲག་ཤེད་སྨན། ཨན་ཀུང་ཁྲག་ཤེད་སྨན། ཉིའུ་ཧོང་ཁྲག་ཤེད་སྨན། ཆིང་ནའོ་ཁྲག་ཤེད་སྨན། ཀྲུང་ཅིང་ཁྲག་ཤེད་སྨན། ཏུའུ་ཀྲུང་ཁྲག་ཤེད་སྨན་སོགས་ཧ་ཅང་མང་པོ་ཡོད། 

གསུམ། ཁྲག་ཤེད་སྨན་གཏོང་བའི་དུས་ཚོད་ཐད་ཡིད་གཟབ་བྱེད་དགོས་པ་གང་ཡོད་དམ།

(༡)ཁྲག་ཤེད་གཅོག་པའི་སྨན་གཏོང་བའི་དུས་ཚོད་ཐད་ཟ་མ་བཟས་ཚར་རྗེས་སམ་ཡང་ན་ཟ་མ་མ་བཟས་གོང་ཞེས་སྤྱིར་དུས་ཀྱི་ཁྱད་པར་ཆེན་པོ་མེད། སྨན་མང་ཆེ་བ་དུས་ཚོད་དེ་གཉིས་གང་རུང་ལ་བཏང་ན་འགྲིག་པ་དང་། ནད་པ་སོ་སོའི་སྨན་གཏོང་བའི་གོམས་གཤིས་ལ་བལྟས་ན་འགྲིག

(༢)ཁྲག་ཤེད་མཐོ་བའི་ནད་པ་མང་ཆེ་བ་ཞོགས་པ་ཁྲག་ཤེད་མཐོ་རུ་འགྲོ་གི་ཡོད་པས། དེར་བརྟེན། ནད་པ་མང་ཆེ་བས་ཞོགས་པ་སྨན་གཏོང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་། ནད་པ་ཁག་ཅིག་ཡང་མཚན་མོ་ཁྲག་ཤེད་འཕར་འགྲོ་གི་ཡོད་པས། བྱས་ཙང་ཁྲག་ཤེད་གཅོག་པའི་སྨན་དགོང་མོ་བཏང་ནའང་འགྲིག  

   བཞི། ཁྲག་ཤེད་སྨན་དུས་ཡུན་རིང་པོ་གཏོང་དགོས་སམ།

ཁྲག་ཤེད་མཐོ་བའི་ནད་ནི་གཅོང་ནད་ཀྱི་རིགས་སུ་གཏོགས་པས། སྨན་མང་ཆེ་བའི་ནུས་པ་ཆུ་ཚོད་ཉི་ཤུ་རྩ་བཞི་ལས་མེད། དེར་བརྟེན། ནད་པ་མང་ཆེ་བས་ཁྲག་ཤེད་གཅོག་པའི་སྨན་དུས་ཡུན་རིང་པོ་གཏོང་དགོས་པ་དང་། ཐ་ན་ཁག་ཅིག་མི་ཚེ་ཧྲིལ་པོར་རྒྱུན་བསྐྱངས་ནས་གཏོང་དགོས། འོན་ཀྱང་། ནད་པ་སོ་སོས་བལྟ་ཞིབ་བྱས་པའི་ཁྲག་ཤེད་མཐོ་དམན་ལ་གཞིགས་ནས་སྨན་པའི་མཛུབ་ཁྲིད་འོག་སྨན་གཏོང་མང་ཉུང་ལ་འགྱུར་བ་བཏང་ན་འགྲིག

  ལྔ། ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་ཀྱིས་ཁྲག་ཤེད་གཅོག་པར་ནུས་པ་ཡག་པོ་ཐོན་གྱི་ཡོད་རུང་། དེ་གཉིས་པོར་ཞོར་གནོད་ངེས་ཅན་ལྡན་ཡོད།

སྨན་རྫས་མང་ཆེ་བ་མཆིན་པ་དང་མཁལ་མ་བརྒྱུད་རྙིང་ཚབ་གསར་བརྗེ་བྱས་ཏེ་གཟུགས་པོའི་ཕྱིར་དོན་དགོས་པས། ཀྲུང་ལུགས་སྨན་རྫས་སམ་ཕྱི་ལུགས་སྨན་རྫས་གང་ཞིག་ཡིན་རུང་མིའི་ལུས་པོའི་ནང་རྙིང་ཚབ་གསར་བརྗེའི་བརྒྱུད་རིམ་ནང་མིའི་གཟུགས་པོར་ཞོར་གནོད་ངེས་ཅན་ཞིག་ཡོད། དེར་བརྟེན། སྨན་གཏོང་བའི་བརྒྱུད་རིམ་ནང་ལྟ་ཞིབ་ཡག་པོ་བྱེད་དགོས།

 དྲུག ཁྲག་ཤེད་གཅོག་པའི་ཐད་ཀྲུང་ལུགས་སྨན་རྫས་ཕྱི་ལུགས་སྨན་རྫས་ལས་ཡག་པ་ཡོད་དམ།

ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་གཉིས་ཀས་ཁྲག་ཤེད་གཅོག་ཐུབ། འོན་ཀྱང་། མིག་སྔར། ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་གཉིས་ཀྱིས་ཁྲག་ཤེད་གཅོག་པ་དང་མིའི་ལུས་པོར་གནོད་མང་ཉུང་ཐད་འབྲེལ་ཡོད་ཞིབ་འཇུག་མེད་རྐྱེན། ཡང་སྙིང་སྨན་རྫས་དེ་གཉིས་གང་ཞིག་ཡག་པ་ཡོད་མེད་ཁ་ཚོན་གཅོད་དཀའ། ཁྲག་ཤེད་མཐོ་བའི་ནད་པའི་ངོས་ནས་བཤད་ན། ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་གང་ཞིག་ཡིན་རུང་། ཁྲག་ཤེད་གཅོག་ཐུབ་པའི་ཁར་གཟུགས་པོར་ཞོར་གྱི་གནོད་པ་བཟོ་ཚད་ཉུང་བ་ཡོད་ན་འདི་ནི་སྨན་ཡག་པ་དེ་རེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།