ཞིང་ཆེན་ཞིབ་དཔྱོད་ཁང་གིས་གཞོན་ནུ་ལོ་ཆུང་གི་ཞིབ་དཔྱོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གཞོན་ནུ་ལོ་ཆུང་གི་ཞིབ་དཔྱོད་བྱ་བའི་ཚོགས་འདུའི་གནས་ཚུལ་དང་། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྱོད་དོན་ཐོ་འགོད་དང་ལྟ་སྐུལ་དོ་དམ་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྱོད་དོན་ཐོ་འགོད་དང་ལྟ་སྐུལ་དོ་དམ་གྱི་ཆེད་དོན་འགུལ་སྐྱོད་ཀྱི་དཔེ་མཚོན་གྱོད་དོན4སྒྲོག་སྤེལ་བྱས།

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞོན་ནུ་ལོ་ཆུང་གི་ཞིབ་དཔྱོད་བྱ་བར་སྐུལ་འདེད་གཏོང་བའི་ཐད་སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་བྱས་ཤིང་། “སྤུས་ཚད་མཐོ་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་ཞིབ་བཤེར་བྱས་མེད་པའི་གྱོད་གཞི་ཚང་མ་ཡག་པོ་སྒྲུབ་རྒྱུ”དམིགས་ཚད་དུ་བཟུང་ནས། གཞོན་ནུ་ལོ་ཆུང་གི་ཞིབ་དཔྱོད་ལས་སྒོ་གཅིག་སྡུད་སྒོས་བསྒྲུབ་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། “ཞིབ་དཔྱོད་ཆེན་མོ་བཞིའི“འགན་སྒྲུབ་མཉམ་འདྲེས་ཡོང་བར་བྱས་ཤིང་། བྱ་བ་སྒྲུབ་པར་ཐབས་ལམ་དང་། གསར་གཏོད། ཕན་འབྲས་བཅས་ཡོད་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་ལངས་གནས་ལ་མཐོ་ཚད་ཡོད་པ་དང་། ཉེས་པར་རྡུང་རྡེག་གཏོང་བར་ཤུགས་ཚད་ཡོད་པ། ལྟ་སྲུང་སློབ་རོགས་བྱེད་པར་ཞིབ་ཚད་ཡོད་པ། ཕྱོགས་བསྡུས་སྲུང་སྐྱོབ་ལ་དྲོད་ཚད་ཡོད་པ། གཞི་གཅིག་འགན་སྒྲུབ་ལ་ཚད་གཞི་ཡོད་པ། ལས་སྒོ་བསྒྲུབ་པར་གསལ་ཚད་ཡོད་པ་བཅས་ཀྱི་ཁྱད་ཆོས་མངོན་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་བདེ་ཐང་ངང་འཚར་ལོངས་འབྱུང་བར་བྱས་རྗེས་བཞག་ཡོད། ཐེངས་འདིར་སྒྲོག་སྤེལ་བྱས་པའི་དཔེ་མཚོན་གྱོད་དོན4ནི་སོ་སོར་མཱ་ཆེ་གེ་མོའི་བསམ་བཞིན་གནོད་འཚེ་བཟོས་པའི་གྱོད་དོན་དང་། ཞུའེ་ཆེ་གེ་མོས་བྱིས་པ་བསླུས་འཚོང་བྱས་པའི་གྱོད་དོན། ཀཱ་ཆེ་གེ་མོས་བྱིས་པར་འཆལ་སྤྱོད་སྤྱད་པའི་གྱོད་དོན། དབྱང་ཆེ་གེ་མོས་བཙན་གྱིས་ངན་དམོད་བྱས་པའི་གྱོད་དོན་བཅས་རེད།

ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་གཞོན་ནུ་ལོ་ཆུང་གི་ཞིབ་དཔྱོད་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས《གཞོན་ནུ་ལོ་ཆུང་གི་ཞིབ་དཔྱོད་བྱ་བར་སྔར་ལས་ཤུགས་སྣོན་པའི་བསམ་འཆར》བཏོན། 《བསམ་འཆར》ལ་ཁྱོན་བསྡོམས་ཁག་བཞི་དང་ནང་དོན་ཚན་པ24འདུས་ཡོད་ཅིང་། གཞོན་ནུ་ལོ་ཆུང་གི་ཞིབ་དཔྱོད་བྱ་བའི་སྤྱིའི་བླང་བྱ་དང་བྱ་བའི་རྩ་དོན་གཏན་འཁེལ་གསལ་བོ་བྱས་ཏེ། གཞོན་ནུ་ལོ་ཆུང་་སྲུང་སྐྱོབ་དང་ཉེས་གསོག་སྔོན་འགོག་བྱ་བ་ལེགས་པོར་བསྒྲུབ་པ་དང་། རང་འགུལ་གྱིས“སྲུང་སྐྱོབ་དྲུག“གི་ཁྲོད་འདྲེས་པར་བྱས་ནས། སྲུང་སྐྱོབ་སྟོབས་ཤུགས་གཅིག་སྡུད་དང་། བྱང་ཚད་མཐོ་བའི་གཞོན་ནུ་ལོ་ཆུང་་ཞིབ་དཔྱོད་བྱ་བའི་རུ་ཁག་འཛུགས་དགོས་པ་ནན་གྱིས་བསྟན། 《བསམ་འཆར》དེ་རྗེས་མའི་དུས་སྐབས་གཅིག་རིང་ལ་ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཞིབ་དཔྱོད་བྱ་བར་སྔར་ལས་ཤུགས་སྣོན་པར་ཁྲིད་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། 

རྩོམ་སྒྲིག་པ། ཨ་གཡང་སྐྱིད།