ནུབ་བྱང་གི་ཞིང་ཆེན་ལྔའི(རང་སྐྱོང་ལྗོངས)སྲིད་གྲོས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་ཞབས་ཞུའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས27ནས་ཚེས28ཉིན་བར་ནུབ་བྱང་གི་ཞིང་ཆེན་ལྔའི(རང་སྐྱོང་ལྗོངས)སྲིད་གྲོས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་ཞབས་འདེགས་ཞུ་བའི་མཉམ་འབྲེལ་ཚོགས་འདུ་ཐེངས་ལྔ་པ་ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་དུ་འཚོགས།     ཚོགས་འདུའི་ཐོག“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དམིགས་ཏེ་ལག་གདང་སྦྲེལ་ནས་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་བསྐྲུན་ནས། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གྲོས་མོལ་གཏིང་ཟབ་དང་ངོས་འཛིན་གཅིག་མཐུན་བྱས་པ་དང་།     རྒྱལ་ཡོངས་སྲིད་གྲོས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོ་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་སྤེལ་རེས་གཏམ་བཤད་གནང་།     

མགོ་པོ་བཀྲ་ཤིས་ཀྱིས“ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས”ལ་དམིགས་ནས་གཏམ་བཤད་གནང་།     ཁོང་གིས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་པོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་དང་“སྔར་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ། ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ཐང་རྒོད་ཅན་བཅོས་སྐྱོང་ཚུད་པའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཁག་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བས། “ཀྲུང་ཧྭའི་ཆུ་མཛོད”སྲ་ཞིང་ཕུན་སུམ་ཚོགས་པའི་འགན་སྲུང་ནུས་ལྡན་བྱས་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད་ཅེས་བསྟན།   

མགོ་པོ་བཀྲ་ཤིས་ཀྱིས་བཤད་བརྒྱུར། ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ནི་སྐྱེ་ཁམས་དོ་སྙོམས་དང་མིའི་རིགས་འཚོ་གནས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད།     དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་ཕན་ཡོད་གོ་སྐབས་བེད་སྤྱོད་ཡག་པོ་བྱས་ནས། ཚོད་འཛིན་གྱི་གནད་དོན་མཉམ་ཤུགས་ཀྱིས་སེལ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་དང་ཁ་ཚ་དགོས་གཏུག་གི་ལས་འགན་ཡིན།     དུས་ཐོག་ཏུ་ཆུའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས་རྨ་ཆུའི་ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཇེ་ཆེ་གཏོང་དགོས་པའི་གྲོས་གཞི་བཏོན་པ།     རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་ནུབ་བྱང་ཞིང་ཆེན་ལྔའི(རང་སྐྱོང་ལྗོངས)ཆུའི་ཐོན་ཁུངས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས།     ནུབ་བྱང་ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་མཉམ་འབྲེལ་འགོག་སྲུང་མཉམ་འབྲེལ་བཅོས་སྐྱོང་མཉམ་ལས་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་།    མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་པ།    མཉམ་ལས་དོན་ཚན་གལ་ཆེན་ལ་ཞིབ་བསྡུར་གཏིང་ཟབ་བྱས་ནས་འཐབ་ཇུས་རང་བཞིན་གྱི་ཐུན་མོང་ངོས་འཛིན་ཆགས་པ།    ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་བཙུགས་པ།    ས་ཁོངས་བར་གྱི་སྐྱེ་ཁམས་བཅོས་སྐྱོང་ཉམས་མྱོང་སྤེལ་རེས་དང་ལས་སྒོའི་གསོ་སྦྱོང་ལ་ཤུགས་བསྣན་བྱེད་པ།    ཚན་ཞིབ་ཐོན་ཁུངས་མཉམ་སྤྱོད་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱ་དགོས།     འབབ་རྒྱུད་ཡོངས་ཀྱི་ས་ཁུལ་ལས་བརྒལ་བའི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་དང་འཛུགས་པ་དང་།    ལས་གཞིའི་ཚན་རྩལ་རོགས་སྐྱོར་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས།     ཁོང་གིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མུ་མཐུད་དོ་ཁུར་དང་ཡུན་རིང་བྱས་རྗེས་བཞག་སྟེ་ཞིང་ཆེན(རང་སྐྱོང་ལྗོངས)བཞི་དང་མཉམ་དུ་རྗེས་མཐུད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པ་དང་།   སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་མཉམ་སྐྲུན་བྱ་ཆེད་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན།   

ཚོགས་འདུའི་ཐོག《ནུབ་བྱང་གི་ཞིང་ཆེན་ལྔས(རང་སྐྱོང་ལྗོངས)ལག་གདང་སྦྲེལ་ནས་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་བསྐྲུན་ནས། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་བསམ་འཆར་གྲོས་གཞིར》གྲོས་བསྡུར་དང་གྲོས་འཆམ་བྱུང་བ་དང་།  ནུབ་བྱང་གི་ཞིང་ཆེན་ལྔའི(རང་སྐྱོང་ལྗོངས)སྲིད་གྲོས་ཀྲུའུ་ཞིའི་མིང་མཉམ་བཀོད་གྲོས་གཞི་དང《ཚོགས་འདུའི་ཟིན་བྲིས་གནད་བསྡུས 》གྲུབ་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།    

རྩོམ་སྒྲིག་པ། ཨ་གཡང་སྐྱིད།