ཆོས་འཁོར་རི་དྭགས།

ཡོང་ཁུངས། སྐད་འཕྲིན།

  ནང་པ་སྤྱི་དང་བོད་ཀྱི་གཙུག་ལག་ཁང་གི་སྒོ་ཁང་ཐོག་དང་། དཀྱིལ་འཁོར་གྱི་རྟ་བབ་ལ་ཆོས་འཁོར་དང་རི་དྭགས་ཟུང་གི་གཟུགས་བརྙན་བཞེངས་སྲོལ་ཡོད་པ་རེད། འདི་ནི་ཁང་པའི་བཀོད་པ་ལ་རྒྱན་ལྟ་བུ་མཛེས་ཆོས་སུ་བཟོས་པ་ཞིག་མ་རེད། འདིས་ནང་པའི་ལུང་རྟོགས་ཀྱི་བསྟན་པ་དེ་གནས་དེར་བཤད་སྒྲུབ་གཉིས་ཀྱིས་འཛིན་སྐྱོང་བྱེད་བཞིན་པ་མཚོན་གྱི་ཡོད། སྟོན་པས་ཆོས་ཀྱི་འཁོར་ལོ་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་གནས་སུ་བསྐོར་བ་མཚོན་ལ། ཆོས་ཀྱི་འཁོར་ལོའི་རྣོ་ངར་གྱིས་རི་དྭགས་ལྟ་བུའི་གདུལ་བྱའི་བློའི་གཏི་མུག་གི་རྒྱུན་གཅོད་པ་མཚོན་ཞིང་། འདིར་རི་དྭགས་གཉིས་ཡོད་པ་ཡང་ལུས་ཅན་ཀུན་ཕོ་མོ་གཉིས་སུ་འདུ་གི་ཡོད་པ་མཚོན། ཐུན་མོང་གི་གཞུང་དུ་འཁོར་ལོའི་རྩིབས་ཀྱིས་མི་མཐུན་ཕྱོགས་གཅོད་པར་གསུངས་པས། རྩིབས་རྣམས་མུ་ཁྱུད་ཀྱི་ཕྱི་ལ་རལ་གྲི་སོ་གཉིས་ཅན་གྱི་རྣམ་པ་ཡོད་དགོས།

  ཆོས་འཁོར་དང་རི་དྭགས་ཀྱི་དབྱིབས་ཀྱི་ཁུངས་ནི། ཆོས་འཁོར་དང་རི་དྭགས་འདི་ཡི་དབྱིབས་ཀྱི་ཁོངས་ནི་རྒྱ་གར་ཡིན་ལ། བོད་དུ་དཀྱིལ་འཁོར་དང་གཙུག་ལག་ཁང་གི་ཐོག་ངོས་དང་། ལྡེབས་བྲིས་སོགས་ཅུང་ཟད་མི་འདྲ་བ་ཡོད་པ་ནི་མཛེས་ཆོས་སུ་བཅོས་པའང་བྱུང་ཡོད། ད་ཡོད་དཔེ་སྔ་ཤོས་ནི་རྒྱ་གར་གྱི་གནའ་རྫས་ནང་ཡོད་པ་རེད། དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་བྲག་བརྐོས་ནང་སྟོན་པའི་བཞུགས་ཁྲིའི་མདུན་དུ་ཆོས་འཁོར་གྱི་བཀོད་པར། འཁོར་ལོའི་ལྟེ་བའི་དབུས་ནས་དབྱུག་གུ་ཞིག་ཐད་ཀར་དྲངས་པའི་ཕྱོགས་གཉིས་ཀའི་སྣེ་ལ། རི་དྭགས་གཉིས་ཀྱི་ལག་ན་བཞག་ནས་བསྐོར་བའི་ཚུལ་ཡོད་པ་འདི་ཁུངས་བཙན་ཤོས་ཡོད། མདོ་དང་སྔགས་ཀྱི་དགོངས་པ་གཞན་དང་འབྲེལ་བའི་དབྱིབས་དང་འགྲེལ་ཚུལ་ཡང་མང་པོ་ཡོད་པ་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།