དམར་རྒན། བཙུན་ཐར་རྒྱལ་གྱིས་བརྩམས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས།

1

རྫ་གཉན་པོ་དམར་རྒན་གྱི་འདབས་རོལ་དུ་སླེབས་དུས། སྨུག་ལང་ལོང་དེར་ད་དུང་དྭངས་བཟོ་ཞིག་མི་འདུག ཁྱོད་རྟ་ལས་བབས་ཏེ་ངལ་གསོས་ཤིང་། རྟ་ཕོ་ཁྱུང་གཤོག་གིས་དམར་རྒན་ཆུ་འཐུང་བར་བྱེད། དམར་རྒན་ཆུའི་ཆུ་ཞེང་མི་ཆེ་ལ་ཆུ་གཏིང་ཡང་མི་ཟབ། དེ་ཆུ་ཕྲན་དུ་གཏོགས་ནའང་། ཁུ་སིམ་ངང་དལ་བུར་འབབ་པ་དང་། དམར་རྒན་རྩེར་སྡོད་པའི་མི་དེ་དག་གི་འཐུང་ཆུ་ཡག་ཤོས་ཡིན། དམར་རྒན་ནི་མཐོ་ཡང་མཐོ་ལ་བརྗིད་ཀྱང་བརྗིད། ཡིན་ནའང་རྩེ་མོ་ནི་ཐང་ལེབ་ལེབ་ཅིག་ཡིན། ཐང་ལེབ་ལེབ་དེ་རུ་མཁར་སྐྱ་མོ་ཞིག་བརྩིགས་ཡོད།མཁར་སྐྱ་མོའི་ནང་ལ་ཇག་པ་བཅུ་གྲངས་བདོག ཁྱོད་ཇག་པ་དེ་དག་གི་གཙོ་བོ་སྟེ། དཔའ་ཡ་མེད་ཤ་བོ་འབྲུག་རྒྱལ། ཕྱུག་ཚོད་མེད་ཤ་བོ་འབྲི་བརྒྱ།ཞེས་དཔའ་ལོ་ལམ་དང་ཕྱུག་ཟླ་ལམ་ལ་གྲགས་ཡོད།

རྟ་ཕོ་ཁྱུང་གཤོག་གིས་རྣ་རྩེ་ཀྲོང་ཀྲོང་གིས་ཁྱོད་ལ་ལྟ། དེ་ནི་འགྲོ་ཞེས་པའི་བརྡ་སྟེ། རྟ་ཡོད་ཚད་ཅང་ཤེས་མིན་ཡང་། ཁྱུང་གཤོག་ནི་ཅང་ཤེས་འཁྲུལ་མེད་ཡིན་པར་ཁྱོད་ལ་ཡིད་ཆེས་ཀྱིས་བརྟས་ཡོད། ཁོ་འཇབ་རྒོལ་གྱི་སྐབས་སུ་འཇབ་ནས་འགྲོ་ཤེས། ཚུར་རྒོལ་གྱི་སྔོན་ལ་ཉེན་ཁ་དཔག་ཐུབ། ཁྱོད་སྐྱོ་བའི་སྐབས་སུ་ཁོས་མགོ་བོས་ཁྱོད་ཀྱི་ཕྲག་པར་ཕུར་ཕུར་བྱེད་ཤེས། ཁྱོད་དགའ་བའི་སྐབས་སུ་ཁོས་ཁྱོད་ཀྱི་མཐའ་བསྐོར་ཏེ་འཚེར་སྐད་ལྷང་ལྷང་ངང་འཕྲ་རྩེད་བྱེད།ཁྱོད་རང་ཁྱུང་གཤོག་གི་གོང་ལ་ཞོན་ཏེ་དམར་རྒན་གྱི་རྩེ་མོར་བལྟས།སྨུག་ལང་ལོང་དེས་དམར་རྒན་ཡོངས་སུ་བཏུམས་འདུག སླར་ཡང་ཁྱུང་གཤོག་གི་སྐེ་ལ་བལྟས། རྟ་ཁྱུང་གཤོག་གི་སྐེ་ལ་རྔུལ་ནག་ཤམ་ཤམ།  ཁྱོད་གཉིས་འདི་ལྟར་མཚན་བརྒྱབ་སྟེ་དམར་རྒན་ལ་ལོག་ཅིང་། སྨུག་ལང་ལོང་ཁྲོད་ནས་དམར་རྒན་གྱི་རྩེ་མོར་འགོས་ཐེངས་བགྲང་གིས་མི་ལངས་ནའང་། ད་རེས་ནི་ཆེས་མཐའ་མཇུག་ཡིན་སྲིད་དེ།རྒྱུ་མཚན་ཁྱོད་ད་རེས་ཡོང་དོན་ནི་དམར་རྒན་ལ་བདེ་མོ་འཇོག་ཕྱིར་རོ།  །

བློས་མི་ཐོངས་པ་ནི་དམར་རྒན་གྱི་རྩེ་རུ་སྡོད་པའི་མི་དེ་དག་རེད། ཁོ་ཚོ་ལས་མང་ཤས་ཁྱོད་ལས་ལོ་ཆུང་ཞིང་། ཁག་ཅིག་ཁྱོད་དང་ལོ་ཚོད་མཉམ། གཅིག་ནི་ཁྱོད་ཀྱི་བློ་འདྲི་སའི་རྒན་རབས་ཏེ། སྨྲ་ར་དཀར་པོ་དང་བློ་ཁོག་ཡངས་མོ་སོགས་གླིང་སེང་ཆེན་ལ་ཨ་ཁུ་ཁྲ་རྒན་གྱི་ཚུལ་དུ་བཞུགས།  དེར་ཡོད་ཀུན་གྱིས་མ་གྲོས་གཅིག་མཐུན་ངང་ཁྱོད་རང་གོང་དུ་བཀུར་ཞིང་།ལ་ལས་ཁྱོད་ཀྱི་ཆེད་དུ་མཚོན་ཡང་བཀག་མྱོང་།ཡང་གཅིག་བཤད་ན། ཁོ་ཚོ་ནི་ཁྱོད་ཀྱི་རྟུལ་ཕོད་དང་ཕྱི་ཐག་གིས་རྗེས་སུ་བཟུང་བའི་མི་སྐོར་ཞིག་སྟེ། ཁྱོད་ནི་མཁར་སྐྱ་མོ་དེའི་སྲོག་ཤིང་ཡིན། ཁྱོད་མེད་ན་མཁར་སྐྱ་ཉིལ་འགྲོ། དེ་ལྟ་ནའང་། ཁྱོད་ངེས་པར་དམར་རྒན་དང་འབྲལ་དགོས་པ་ནི་ཟློག་ཐབས་མེད་པ་ཞིག་རེད། ཉིན་འགའི་སྔོན་ལ། ཁྱོད་ཀྱི་ཆུང་མས་ཚུར་འབུར་བའི་ལྟོ་བ་སྟོན་བཞིན“ཁྱོད་ཀྱིས་ད་དུང་ཇག་ལས་མི་བསྐྱུར་ན།ང་འདི་དང་མཉམ་དུ་ཆུ་ལ་ལྕེབ་འགྲོ”ཞེས་འོ་དོད་ཀྱི་ཀློང་ནས་ཞུ་བ་བྱེད་པའི་མིག་མདངས་དེ་ཁྱོད་ཀྱི་སྙིང་ལ་མདའ་བཞིན་ཟུག་ཡོད་ཅིང་། “ཕྲུ་གུ་བཙས་རྗེས་ངས་ཇག་ལས་མ་བསྐྱུར་ན་ཕ་འདས་པོའི་རུས་པ་འགམས་པ་ཡིན”ཞེས་མནའ་བོར་བའི་ངང་ཚུལ་དེ་ཁྱོད་ཀྱི་ཡིད་ལ་ཝ་ལེར་གསལ། ཡང་ན།ཁྱོད་ལ་སྔོན་ནས་བཟུང་དམར་རྒན་དང་ཁ་བྲལ་ན་སྙམ་པའི་བསམ་ཚུལ་ཡོད།ཐེངས་དེར་གཞི་ནས་ལུགས་མཐུན་གྱི་རྒྱུ་རྐྱེན་ཞིག་རྙེད་སོང་བ་ཡིན་ཡང་སྲིད་དེ། མདོར་དྲིལ་ན། ཁྱོད་དམར་རྒན་དང་ཁ་འབྲལ་དོན་ནི་ཁྱོད་ཀྱི་རིགས་ཀྱི་མྱུ་གུ་སྟེ་ང་འཇིག་རྟེན་འདིའི་མགྲོན་དུ་ཕེབས་པས་སོ།  །

བདུན་ཕྲག་གཅིག་གི་གོང་སྟེ། དབྱར་ཕ་མ་འདྲ་བོས་རི་ལུང་ཀུན་ལ་མེ་ཏོག་གི་དྲི་བསུང་སྐྱིལ་སྐབས། ང་འཇིག་རྟེན་འདིའི་མགྲོན་དུ་སླེབས། ཁྱོད་རང་དམར་རྒན་དང་རེ་ཞིག་གྱེས་ཏེ་ཁྱིམ་དུ་ལོག འུ་ཚང་ནི་དྲེད་ལུང་མདོ་རུ་ཡོད། སྦྲ་རོག་རོག་གི་སྒོ་དར་རླུང་གིས་སྐྱོད་ཅིང་ཕྱུགས་དཀར་ནག་གིས་དྲེད་ལུང་གི་ཉིན་སྲིབ་ཁེབས་ཡོད། ང་མ་སྐྱེས་གོང་གི་ཉིན་དེ་དག་ལ།ཁྱོད་ཀྱིས་ངའི་ཆེད་དུ་ཉིན་རེ་བཞིན་དྲེད་ལུང་དགྲ་ལྷ་རྡོ་རྗེར་བསང་མཆོད་ཐེངས་གཉིས་རེ་བྱེད་ཅིང་གསོལ་བ་ཕུར་ཚུགས་སུ་འདེབས། ཡིན་ནའང་ཁྱོད་ཀྱི་སེམས་ནི་ཉིས་འགལ་དུ་གྱུར་ཡོད་དེ། ཐོག་མའི་དུས་ལ་ཁྱོད་ཀྱིས“དགྲ་ཐུབ་པའི་བུ་ཞིག་སྐྱེ་བར་སྨོན”ཞེས་སྨོན་ལམ་རྒྱག་ནའང་། མཚམས་ལན་རེར་སྨོན་ལམ་འདིའི་ཆེད་དུ་སེམས་ཁྲལ་སྐྱེ་འོང་།“བུ་ཞིག་སྐྱེས་ན་མཚོན་ཁར་ལྷུང་ཨེ་འགྲོ”ཁྱོད་ཀྱིས་དེ་ལྟར་བསམ་བཞིན་ཐེ་ཚོམ་གྱི་ངང་དུ་ལུས། རེ་ཞིག་འགོར་རྗེས་བུ་མོ་ཞིག་སྐྱེས་ན་ཅིས་ཀྱང་མཚོན་ཁ་ནས་ཐར་ངེས་སྙམ། ཡིན་ནའང་བུ་མོ་ཞིག་སྐྱེ་བར་ཤོག་ཅེས་སྨོན་ལམ་རྒྱག་སྲོལ་ཞིག་ག་ལ་ཡོད། “ང་ཤ་བོ་འབྲུག་རྒྱལ་རྒས་སོང་བ་ཡིན་ནམ། གློ་བུར་འདི་འདྲའི་སྡར་མ་ཞིག་ཏུ་གྱུར་འདུག་པ་ཅི་རེད” ས་སྲོད་དེར་ཁྱོད་ཀྱིས་དེ་ལྟར་ཆིག་ལབ་རྒྱག་བཞིན་དབུགས་ངལ་ཤོར། དོན་ལའང་དེ་ལས་མ་འདས་ཏེ། ང་ཨ་མའི་མངལ་དུ་འཁོར་བའི་ཉིན་དེ་ནས་བཟུང་།ངས་ཁྱོད་ཀྱི་སེམས་པའི་གཉོམ་སོར་ཡང་ལག་པ་བརྒྱབ་ཡོད། ཁྱོད་སེམས་རབ་ཏུ་འཁྲུགས་ཏེ་ཡུན་རིང་ཕྱིན། དེ་ལྟ་ནའང་། ང་མ་སྐྱེ་གོང་གི་སྔ་དྲོ་དེར། ཁྱོད་ཀྱིས་བློ་ཐག་གཙང་བཅད་ངང“བུ་ཞིག་སྐྱེ་བར་སྨོན། བདེ་ཞིང་ཐང་བར་སྨོན། ཤ་འཁོན་གྱི་འཁོར་ལོར་མི་ཚུད་པར་སྨོན”ཞེས་སྨོན་ལམ་ནན་ཏན་དུ་བཏབ།

ཁྱོད་ཀྱིས་སྨོན་ལམ་བཏབ་པ་བཞིན། ང་བུ་ཕོར་སྐྱེས། ཉིན་དེར་ཁྱོད་བྲོད་སེམས་ཀྱིས་ཁེངས་བཞིན་དྲེལ་ལུང་མགོ་རུ་འགོས་ཤིང་། གཏང་རག་གི་བསང་གསོལ་རྒྱ་ཆེར་ཕུལ།

ཁྱོད་ཤ་འཁོན་གྱི་འཁོར་ལོར་ཚུད་པ་ནི་ཟློག་མེད་ཀྱི་བཀའ་བབ་ཅིག་སྟེ། སྔོན་གྱི་ཚེ། ཁྱོད་ཀྱི་མེས་པོ་དམ་པ་ཚེ་འཛིན་སྐྱབས་བྱ་བས་རྟ་གྱོད་ཅིག་གི་ཆེད་དུ་འཕྲང་ལུང་གི་མི་ཞིག(མི་དེའི་མིང་མེས་པོས་ཀྱང་མི་ཤེས)བསད། མི་དེའི་མནའ་བཅད་སྤུན་ཟླ་འཕྲང་ལུང་ཀླུ་ཡག་བྱ་བས་ཁྱོད་ཀྱི་མེས་པོ་བསད།དེའི་ཤ་འཁོན་ལ་ཁྱོད་ཀྱི་ཕ་རྒན་གྱིས་འཕྲང་ལུང་ཀླུ་ཡག་བསད།དེའི་ཤ་འཁོན་ལ་འཕྲང་ལུང་ཀླུ་ཡག་གི་བུ་འཕྲང་ལུང་དོན་ཁོས་ཁྱོད་ཀྱི་ཕ་རྒན་བསད། དེའི་རྗེས་སུ་ཁྱོད་ཀྱི་ཕུ་བོ་ནད་ཀྱིས་མནར་ཏེ་ཚེ་ལས་འདས། དེ་བས་མི་རབས་བརྒྱུད་པའི་ཤ་འཁོན་གྱི་བཀའ་བབ་དེ་མ་གཞིར་གྲྭ་པ་བྱ་འཆར་གྱིས་རྫོང་སྨུག་དགོན་དུ་ལྟུང་བཤགས་ཀྱི་ཀློག་སློབ་བཞིན་པའི་ཁྱོད་ཀྱི་ཕྲག་ཏུ་ལྟིག་གེར་ལྷུང་།གནམ་རྒན་མས་ཀྱང་ཁྱོད་ནི་ཕུལ་དུ་བྱུང་བའི་དགྲ་ཤ་རྩོད་མཁན་ཞིག་ཏུ་འགྱུར་ངེས་པ་མཁྱེན་ཡོད་པ་འདྲ།

“བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ། འཆགས་སོ།……”

ལོ་བཅུ་གཉིས་ལོན་པའི་སྟོན་ཁ་དེར། ལྟུང་བཤགས་ཀྱི་དཀྱིལ་ཙམ་དུ་ཆལ་ཆོལ་ཅིག་ཀློག་ཤེས་པའི་ཁྱོད་ཀྱིས་ཁ་ཏོན་དཔེ་ཆ་སྣ་རིང་དེ་ཀློག་སློབ་མཁན་གྱི་དགེ་རྒན་ལ་ཕྱིར་ཕུལ་རྗེས། ཨ་མའི་རྗེས་འབྲངས་ཏེ་ཡུལ་དུ་ལོག

ཁྱོད་རང་ལོ་ན་བཅོ་བརྒྱད་དུ་སོན་སྐབས། ཁྱོད་ཀྱི་ཨ་མས་སྔོན་གྱི་བྱུང་བ་རྣམས་བཤད་རྗེས་ཁྱོད་ལ་མེ་མདའ་ཞིག་སྤྲད། དེ་ནི་ཁྱོད་ཀྱི་ཕ་རྒན་གྱིས་འཕྲང་ལུང་ཀླུ་ཡག་གསོད་བྱེད་ཀྱི་སྨན་བོའུ་རེད། སྨན་བོའུ་དེ་ཁྱོད་ཀྱི་ཕ་རྒན་གྱིས་སྨན་བོའུ་ཆག་རོ་ཞིག་གི་མཆུར་ལྕགས་མདོང་རིང་བོ་ཞིག་སྤྲད་དེ་བཟོས་པ་ཡིན་ལ། དེ་ཉིད་རིང་ཞིང་སྦོམ་ལ་གླེན་མདོག་ཁ་པོ་ཞིག་ཡོད། མ་ཤུ་རུ་བཏགས་པའི་མདེའུ་སྒྱེའུ་ནང་དུ་སྨན་རྫས་གང་བླུགས་ཡོད་ལ། སྨན་རྫས་ཉུང་ངུ་ཞིག་བླངས་ཏེ་མདེའུ་ཁུང་དུ་བླུགས་ཤིང་། ལྕགས་ཐུར་སྤྱད་དེ་ཤུགས་ཀྱིས་བརྫངས་རྗེས།མ་ཤུ་དལ་གྱིས་མནན་ན་བོའུ་མཆུ་ནས་མེ་ལྕེ་མཆེད་ཅིང་ཤུ་སྒྲ་དང་བཅས་མདེའུ་སིར་སིར་འཕེན། གོམ་པ་བཞི་བརྒྱ་ཙམ་གྱི་ནང་ཚུན་ནས་མ་གཏོགས་མི་ཞིག་གསོད་དཀའ་བ་དང་། སྨན་རྫས་ལ་མེ་གསུར་དགོས་པས་ཆར་ཆུའི་ནང་དུ་འཕེན་ཐབས་བྲལ། ཡིན་ནའང་། ཁྱོད་ཀྱིས་སྨན་བོའུ་དེ་སྤྱད་ནས་ཕ་གསོད་ཀྱི་ལག་དམར་འཕྲང་ལུང་དོན་ཁོ་བསད།

མཚན་སྨག་དེར། སྙིང་ལ་གཟན་པའི་ཤུ་སྒྲ་དེ་འཕྲང་ལུང་དོན་ཁོའི་རྣ་ལམ་དུ་མཆེད་དུས། ཁོ་དེ་མ་ཐག་རྟ་ལས་ལྷུང་ཞིང་སྙིང་ཁ་ནས་ཁྲག་དམར་འཛར་འཛར་བྱེད། ཁོས་འཁུན་སྒྲ་སྒྲོག་བཞིན་རྒྱབ་ཏུ་ཁུར་བའི་མེ་མདའ་ལེན་ཅི་ཐུབ་བྱེད་ཅིང་། དེའི་རིང་ལ་ཁྱོད་ཀྱིས་སླར་ཡང་མདེའུ་ཁུང་དུ་སྨན་རྫས་བླུགས་ཏེ་ལྕགས་ཐུར་གྱིས་བརྡུངས། ཁོས་མེ་མདའ་ལོན་གྲབས་བྱེད་ཀྱིན་པའི་སྒང་དེར།གདོན་འདྲེས་བཏབ་པའི་ཁ་ཤུ་ལྟ་བུའི་སྒྲ་དེ་ཡང་བསྐྱར་ཁོའི་རྣ་ལམ་དུ་མཆེད་པ་ན་ཁོ་དེ་མ་ཐག་འགུལ་མེད་དུ་གྱུར།འཕྲང་ལུང་དོན་ཁོ་བསད་རྗེས། ཁྱོད་ལ་སྔར་མེད་པའི་དཔའ་སྙིང་ཞིག་སྐྱེས་ཤིང་། དཔའ་སྙིང་དེས་ཁྱོད་རང་རི་ནས་རི་ལ་ཁྲིད་དེ། ཁྱོད་ལྟུང་བཤགས་ཆལ་ཆོལ་འདོན་ཤེས་པའི་ཇག་པ་ཞིག་ཏུ་གྱུར།

ཁྱོད་ནི་སྙིང་ཅན་ཁྱོད་ནི་ཐབས་མཁས། ཁྱོད་ནི་རྩལ་རྒོད་ཁྱོད་ནི་བོའུ་འཕེན་པར་མཁས་ཏེ། ཁྱོད་རང་ཕྱི་དགྲ་བོའི་སྟེང་ལ་ཐོག་དམར་གྱི་བཙན།  ནང་ཕུ་ནུའི་སྟེང་ལ་བལ་དཀར་གྱི་འཇམ། ཁྱོད་དངོས་གནས་དེ་ལྟར་ལགས་པས། རི་ལ་གནས་འཆའ་བ་ཚོའི་ཁྲོད་དུ་སྙན་གྲགས་རྒྱས་ཤིང་། ལོ་བཅུ་གྲངས་ཀྱི་རིང་ལ་གཅིག་འོང་གཉིས་འོང་བྱས་ཏེ།མང་དུས་ཕུ་ནུ་ཉི་ཤུའི་གྲངས་ལ་ཉེ་བ་ཞིག་ཁྱོད་ཀྱི་ཕྱི་རྗེས་འབྲངས།ཁྱོད་ཀྱིས་དེ་དག་གི་སྣེ་དྲངས་ཏེ་རྐུ་འཕྲོག་བཅོམ་གསུམ་གྱི་ལས་ལ་ཞུགས་ཤིང་། ཆེ་བ་ལ་རོང་བོ་ནང་སོའི་མཛོད་ཁང་བརྒྱབ། མགོ་ལོག་ཨ་སྐྱོང་ནས་ནོར་ཉིས་བརྒྱ་ལྷག་དེད། སྟོད་སོག་པོའི་རྟ་རྡང་བསློགས། མཐར་དམར་རྒན་གྱི་རྩེ་མོར་རྒྱ་ཆུ་བུར་མིག་གི་མཁར་ཤུལ་ཞིག་ཡོད་པ་དེ་རྨང་གཞིར་བྱས་ཏེ་མཁར་རྫོང་བརྩིགས་ཤིང་།ཆེད་དུ་སྟོང་སྐོར་དང་ཟུང་ཆུའི་བར་དུ་ཚྭ་དང་ཇ་སྐྱེལ་མཁན་གྱི་ཚོང་བར་བརྒོལ།ཁྱོད་ཀྱི་བོའུ་འཕེན་རྩལ་རབ་ཏུ་བཟང་བས། སྨན་བོའུ་དེའི་ཤུ་སྒྲ་གྲག་ཐེངས་རེར་མི་ཞིག་གི་སྲོག་ལ་ཁེལ་འགྲོ་ཞེས་གྲགས་ཤིང་། རྒྱལ་ཁམས་སུ་ད་དུང་ཁྱོད་ཀྱི་སྨན་བོའུ་དེ་ལ“ཤ་བོའི་ཤི་སྐད”ཅེས་པའི་མིང་ཞིག་ཀྱང་བཏགས་ཡོད་དེ། བཤད་སྲོལ་ལ་མེ་མདའ་དེའི་ཁ་གྲགས་པ་ནི་མི་ཞིག་དེ་མ་ཐག་ལྔ་བའི་ལམ་དུ་འགྲོ་བའི་སྔོན་བརྡ་དང་མཚུངས་སྐད། ཡིན་ནའང་དོན་ལ་དེ་འདྲའི་འཇིགས་སུ་རུང་བ་ཞིག་མ་ཡིན་པར།ཁྱོད་ཀྱི་རྒྱལ་ཁམས་ནི་ཁྱོད་རང་གི་ཞིབ་ཚགས་ལྡན་པའི་ཐབས་ཇུས་དང་མི་སྐྱོང་ཤེས་ཀྱི་བློ་བཀོད། ཉིན་མཚན་དུས་དྲུག་ལ་འཇབ་སྒུག་བྱས་ཏེ་མ་གཉིད་ཀྱང་ཆད་སྣང་མེད་པའི་སྡུག་རུས་སོགས་ལ་བརྟེན་ནས་བཙུགས་པ་ཡིན་ཏེ། ཁྱོད་ཀྱི་ཇག་ལམ་རིང་མོའི་ནང་ན་ཐབས་བཀོད་མདེའུ་ལས་མང་། རྔུལ་ཆུ་ནི་ཁྲག་ལས་མང་།ལྟུང་བཤགས་ཆལ་ཆོལ་ནི་ཁ་ཤོམ་ལས་མང་ངོ་། །

“ཇག་པ་ཆོས་པ་ཞིག”ཅེས་པ་འདི་ནི་དམར་རྒན་དུ་ཆེས་རྒྱུགས་ཆེ་བའི་ཁྱོད་ལ་བསྙད་རྐོ་སྟངས་ཤིག་རེད། ཁྱོད་ཀྱིས་ཉིན་རྒྱུན་ཞོགས་པར་ཆུང་དུས་དགོན་པ་ནས་བསླབས་པའི་ཁ་ཏོན་ཐུང་ངུ་དེ་ཚོ་ཆག་མེད་དུ་སྐྱོར་ཞིང་། ཇག་ནས་ཕྱིར་ལོག་སྐབས་ཀྱང་ངག་དམའ་མོས་ལྡབ་ལྡིབ་ཅིག་འདོན་བཞིན་ཡོང་དཔེ།མཚམས་ལན་རེར་ཁྱོད་ཀྱིས་ཆུང་དུས་དགོན་པ་ནས་ཀློག་སློབ་བྱེད་ཀྱི་དཔེ་ཆ་སྣ་རིང་དེར་དྲན་སོས་ངེས། ཁ་ཏོན་མང་པོ་ཕྱོགས་བསྡུས་བྱས་ཡོད་པའི་དཔེ་ཆ་སྣ་རིང་དེའི་མདུན་ཤོག་གི་སྟེང་དུ་རལ་གྲི་ཞིག་ཡོད། རལ་གྲི་དེའི་གཞོགས་གཡས་གཡོན་དུ་བྱ་གཉིས་ཡོད། བྱ་དེ་གཉིས་ལ་མགོ་གཉིས་རེ་ཡོད།དེས་ཁྱོད་ལ་ཡ་མཚན་སྐྱེ་རུ་བཅུག ཁྱོད་ཀྱིས་དགེ་རྒན་ལ“བྱ་འདི་གཉིས་ལ་མགོ་གཉིས་རེ་ཡོད་དོན་ཅི་ཡིན”ཞེས་དྲིས། དགེ་རྒན་གྱིས“ཁྱོད་ཀྱིས་ལྟུང་བཤགས་ཡོངས་སུ་ཀློག་ཤེས་དུས་ད་གཟོད་ངས་ཁྱོད་ལ་བཤད་འོང”གསུངས་མྱོང་།

དེ་དག་དྲན་ཚེ་ཁྱོད་ཀྱིས་ནམ་ཞིག་རང་ལ་བུ་གཉིས་བྱུང་ན་གཅིག་ནི་ཅིས་ཀྱང་དགོན་པར་བསྐྱལ་དགོས་སྙམ།

ཕྱིས་སུ“ཤ་བོའི་ཤི་སྐད”དེ་ཁྱོད་ཀྱི་ཚེ་གང་གི་ནོངས་འགྱོད་དུ་གྱུར། ཡང་སྨག་ནག་པའི་མཚན་མོ་ཞིག་ལ། ཁྱོད་དང་ཁྱོད་ཀྱི་སྤུན་ཡ་རྡོ་རྗེ་དབང་ལོ་གཉིས་ཁམས་ནང་ཆེན་དུ་ཇག་ལ་ཕྱིན་ནས་ཕྱིར་སླེབས་སྐབས། འཕྲང་མདོ་ནས་འཕྲང་ལུང་པད་མའི་འཇབ་རྒོལ་ཐེབས། འཕྲང་ལུང་པད་མ་ནི་འཕྲང་ལུང་དོན་ཁོའི་ཕ་གཅིག་ཀྱང་མ་མི་གཅིག་པའི་སྤུན་ཆུང་ཡིན་ལ།ཁོ་ཚོའི་ཕ་ནི་འཕྲང་ལུང་ཀླུ་ཡག་རེད། འཕྲང་ལུང་པད་མ་ནི་སྐྱེན་རྩལ་གློག་ལས་མྱུར་ཞིང་ཡང་རྩལ་བྱ་ལས་ལྷག་པ་ཁྱོད་ལའང་གོ་ཐོས་ཡོད། དེ་བས་ཀྱང་ཁོ་ལ་ཆར་ཆུའི་ནང་ནས་ཀྱང་རྒྱག་ཐུབ་པའི་མེ་མདའ་ཞིག་ཡོད་ཅེས་ཀུན་གྱི་གླེང་གཞིར་གྱུར། རྟ་ཕོ་ཁྱུང་གཤོག་གིས་གློ་བུར་འཚེར་སྐད་སྒྲོག་སྐབས། རྡོ་རྗེ་དབང་ལོས་ཕ་གིའི་ཐོད་མགོའི་ཕག་ན་མི་ཞིག་གིས་མེ་མདའ་རྒྱག་གྲབས་བྱེད་བཞིན་པར་མཉམ་བཞག དེ་མུར་ཁོས“ཨ་དགའ། སེམས་ཆུང་བྱོས”ཞེས་སྐད་རྒྱག་ཞོར་རྟ་གོང་ནས་ཁྱོད་ཀྱི་སྟེང་ལ་མཆོང་བ་ན། མ་གཞི་ཁྱོད་ཀྱི་ལུས་སྟེང་ལ་འཁེལ་ངེས་ཀྱི་མདེའུ་དེ་དེ་མ་ཐག་རྡོ་རྗེ་དབང་ལོའི་སོག་སྲུབས་སུ་ཁེལ་བ་དང་ཁོ་དབང་བོ་ཤོར་ནས་ཐང་ལ་ལྷུང་། ཁྱོད་ཀྱིས“ཤ་བོའི་ཤི་སྐད”བླངས་ཏེ་བོའུ་སྐད་གྲག་ས་དེར་ཐེངས་གཅིག་བརྒྱབ་པ་ན་འཕྲང་ལུང་པདྨའི་ཕྲག་པར་ཁེལ། དེ་མུར་ལག་སྙོབ་ཐེངས་གཅིག་གིས་རྡོ་རྗེ་དབང་ལོ་རང་གི་སྔུན་ལ་བླངས། ཀི་དིར་གནམ་ས་འགེངས་པ་ཞིག་ཁྱོད་ཀྱི་རྒྱབ་ཕྱོགས་ནས་མཆེད་འོངས་དུས།ཁྱོད་ཀྱིས་རྡོ་རྗེ་དབང་ལོ་སྔུན་ལ་བཟུང་སྟེ་འབྲོ་གྲབས་བྱས་ཤིང་། དུས་མཚུངས་སུ་མེ་མདའི་ཁུར་ཐག་གིས་ཤུགས་འཐེན་ཞིག་བྱས་ཏེ་པང་དུ་ལེན་རྩིས་བྱས་པ་ན། ཁུར་ཐག་ཆད་ནས་མེ་མདའ་ས་རུ་ལྷུང་། ཁྱོད་ཀྱིས་ཁྱུང་གཤོག་གི་རྟ་ཁ་ཤུགས་ཀྱིས་བསྒགས་ནའང་། ཁྱུང་གཤོག་གིས་ཁྱོད་ཁུར་ནས་ལམ་ཐག་རིང་ཙམ་ལ་ཕྱིན། རིང་ཙམ་གྱི་སར་བྲག་སྐྱིབས་ཤིག་ཡོད་པ་དེའི་འོག་ནས་རྡོ་རྗེ་དབང་ལོའི་རྨ་ཁ་དཀྲིས་ཏེ་ངལ་གསོ་རུ་བཅུག་རྗེས། ཁྱོད་ཀྱིས་རྐེད་ལ་བཏགས་པའི་གྲི་རིང་དགུང་ལ་ཕྱར་ཏེ་སྐྱ་མི་དེ་ཚོའི་ཕྱོགས་སུ་མཆོང་། སྐྱ་མིའི་ཚོགས་དེས་དྲག་ཏུ་ཁྲོས་པའི་ཁྱོད་མཐོང་བ་ན། ལ་ལས་རྒོལ་ཙམ་བྱེད་ཀྱང་སྣ་མ་བརྟེན། ལ་ལ་དཔའ་ཞུམ་སྟེ་ཕྱིར་འབྲོ། དེ་ལྟར་སྐྱ་མིའི་ཚོགས་དེ་ཁ་ཐོར་དགུ་ཐོར་དུ་འགྲོ་གྲབས་ལ།ཁྱོད་ཀྱིས“དྲེད་ལུང་དགྲ་ལྷ་རྡོ་རྗེ། ང་ཤ་བོ་འབྲུག་རྒྱལ་གྱིས་བོའུ་བོར་སོང་ཟེར་བ་ལས་སྲོག་ཤོར་སོང་ཟེར་བ་ཞིག་བྱེད་དུ་ཆུགས”ཟེར་ནས་གདུང་འབོད་དྲག་པོ་དང་བཅས་རྟ་གོང་ནས་ཐང་ལ་ལག་སྙོབ་ཅིག་བྱས་པ་ན་མེ་མདའ་ཁྱོད་ཀྱི་ལག་ཏུ་སོན།

ཁྱོད་རྡོ་རྗེ་དབང་ལོའི་གམ་ལ་འབྱོར་དུས་ཁོ་སྔར་ནས་དབུགས་རྒྱུན་ཆད་འདུག ཁྱོད་ཀྱིས་ཨམ་གཙིགས་སྡོམ་བཞིན་མེ་མདར་ལྟ་དུས། ལག་ཏུ་སོན་པ་དེ་ཁྱོད་རང་གི་མེ་མདའ་མིན་པ་རྟོགས། ཁྱོད་མྱུར་མོར་ཕྱིར་སོང་ནས་མེ་མདའ་བཙལ་ཡང་ལག་སོན་མ་བྱུང་། དོན་དེས་དུས་ཡུན་རིང་མོ་ཞིག་ལ་ཁྱོད་ཀྱི་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་ཕྲོགས། འོན་ཀྱང་ཉིན་དེར་འཕྲང་ལུང་པད་མའི་ཤུལ་ན་ཁྲག་མང་པོ་བཞུར་ཡོད་པ་མཐོང་བས་ཁྱོད་ལ་སེམས་གསོ་ཅུང་ཙམ་ཐོབ། ཕྱིས་སུ་ཁྱོད་ཀྱིས་འཕྲང་ལུང་པད་མ་ཤི་མེད་པའི་གནས་ཚུལ་ཐོས་པས་སྐད་ཅིག་ཙམ་ལའང་སྡོད་བཟོད་མེད་པར་གྱུར། ཐེངས་དུ་མར་གྲ་སྒྲིག་ཨང་གསར་གྱིས་ཁོ་གསོད་དུ་ཕྱིན།ཡིན་ནའང་འགལ་རྐྱེན་ག་གེ་མོས་ལེགས་འགྲུབ་མ་བྱུང་སྟེ། འཕྲང་ལུང་པད་མའི་འདུལ་སྐལ་དེ་གནམ་རྒན་མས་ཁྱོད་ལ་གནང་འདོད་མེད་པ་དང་མཚུངས། ཡང་ན་ཁོ་ད་དུང་ལོ་ཆུང་བས་འདུལ་བའི་དུས་ལ་མ་སླེབས་པ་ཡིན་ནམ། ཁྱོད་ཀྱིས་དེ་ལྟར་བསམ་བཞིན་རེ་ཞིག་བསྐྱུར།

ཁྱོད་ཀྱི་ལག་ཏུ་སོན་པའི་མེ་མདའ་དེ་མེ་མདའ་སྔོན་མ་དང་བསྡུར་ན་རབ་ཏུ་སྔོན་ཐོན་རེད་ཅེས་བཤད་ཆོག་སྟེ། དེ་ཉིད་སྨན་བོའུ་ལྟར་ཐེངས་གཅིག་རྒྱག་པ་ལ་སྨན་རྫས་བརྫངས་ཏེ་མེ་ཡིས་གསུར་བའི་ངལ་བ་བསྟེན་མི་དགོས་པར། ཐད་ཀར་སྨན་རྫས་ཀྱི་ཁར་མདེའུ་བླུགས་ཏེ་བཟོས་ཡོད་པའི་ལྕགས་ཤུབས་མེ་མདའི་ནང་བཞག་རྗེས། མ་ཤུ་མནན་ན་རྨ་རིགས་སྐྲངས་རིགས་ལ་སྔགས་ཆུ་གཅོལ་བ་ལྟར་མདེའུ་མང་པོ་མཉམ་དུ་བརྒྱབ་ཆོག་ཅིང་།སྨན་རྫས་ལ་མེས་གསུར་མི་དགོས་པས། ཆར་ཆུའི་ནང་དུའང་བརྒྱབ་ཆོག ཁྱོད་ཀྱིས་དེ་ཉིད་འཕྲང་ལུང་པད་མའི་མིང་དུ་གྲགས་པའི་སྔགས་རྒྱག་དེ་ཡིན་སྙམ་བྱས། དུས་ཡུན་རིང་པོའི་འབྲེལ་འདྲིས་ཀྱི་ཁྲོད་ནས། ཁྱོད་ཀྱིས་རིམ་བཞིན་མེ་མདའ་དེ་དང་ལེན་བྱས་ཤིང་སྐབས་སྐབས་དེའི་སྟེང་ལ་ལྟ་བཞིན་སྤྲོ་བ་འཕེལ། ཡིན་ནའང་རྟ་བཞོན་ནས་མདའ་འཁུར་སྐབས། མེ་མདའ་ཆ་མེད་དེའི་རིང་ཞིང་ལྕི་བའི་བོའུ་མཆུ་ཁྱུང་གཤོག་གི་དྲུག་མགོར་འཕྲད་ཐེངས་རེར།ཁྱུང་གཤོག་གིས་རྔ་ཚུབ་བྱེད་བཞིན་མི་འཐད་པའི་རྣམ་འགྱུར་དུ་མ་སྟོན།

སྨུག་པ་རིམ་བཞིན་དྭངས་ནས་དམར་རྒན་གྱི་རྩེ་མོའི་མཁར་གྱང་མཐོང་དུས། རྟ་ཕོ་ཁྱུང་གཤོག་དང་ཁྱོད་གཉིས་དབུ་རྩེར་སླེབས་ལ་ཉེ། དམར་རྒན་གྱི་རྩེ་མོའི་མི་དག་གིས་ཁྱོད་ལ་སྣེ་ལེན་བྱེད། སྔ་དྲོའི་རིང་དུ་ཤ་ཆང་གི་གསོལ་སྟོན་ལ་རོལ་རྗེས་ཁྱོད་ཀྱིས་རང་ཉིད་དམར་རྒན་དང་ཁ་འབྲལ་རྒྱུ་ཡིན་པ་ཀུན་ལ་བཤད།དེར་ཡོད་ཀུན་གྱིས་ངོ་གནག་བཞིན་ངག་མི་སྨྲ་ཞིང་། འཁྱག་སིབ་སིབ་ཀྱི་མིག་གིས་ཁྱོད་ལ་ལྟ། ཁྱོད་ཀྱིས་རང་གི་ཆུང་མས་བུ་ཞིག་བཙས་པས། ད་ནི་ཅིས་ཀྱང་ཁྱིམ་དུ་བསྡད་ན་ལེགས་ཚུལ་སོགས་མང་དུ་བཤད་ཀྱང་། དེར་ཡོད་ཐམས་ཅད་ལ་བློ་མ་ཐང་། “གང་ལྟར་ད་ནས་ཇག་ལས་མི་བྱེད་པ་ཐག་ཆོད་ཡིན།ངས་བླ་མའི་མདུན་ནས་མནའ་བསྐྱལ་ཟིན། མཁར་སྐྱ་ལིའི་ནང་གི་རྒྱུ་དངོས་འདི་ཚོ་ངས་གཅིག་ཀྱང་མི་འཁྱེར་ཁྱོད་ཚོར་དབང་།ནང་ཕུ་ནུའི་ཕྱི་ཐག་ངས་མི་བརྗེད་ནམ་ཡང་སེམས་ལ་འཛིན”མཐར་ཁྱོད་ཀྱིས་ཆེས་མཐའ་མཇུག་གི་ཆང་ཕོར་བ་རྐེད་དེ་ཞབས་བཏགས་བྱས་རྗེས་དེ་ལྟར་བཤད། རྒན་པོ་ཉི་མས“ཁྱོད་མི་འདུག་ན་ངའང་མི་འདུག ང་ལ་མཚོན་ན་ལོ་ནམ་ཚོད་ཀྱང་མང་པོ་མེད་པས། ད་ནི་བློ་ཕུགས་ཆོས་ལ་གཏོད་ཚོད་རེད”ཟེར་ཞིང་དབུགས་རིང་འཐེན།དཔའ་ཡ་མེད་འབྲོང་རུའི་བཀྲ་ཁོ་ཡང་ཡུན་རིང་ཁ་རོག་གེར་བསྡད་རྗེས། “དེས་ན་བླ་བསང་བོ(རྡོ་རྗེ་དབང་ལོ)ཡི་ཤ་འཁོན་མི་རྩོད་དམ”ཞེས་མིག་ཟུར་གྱིས་ཁྱོད་ལ་ལྟ་ཞིང་། དེ་ནི་ཚ་ཞང་འདན་མས་གླིང་སེང་ཆེན་ལ“དཔའ་རྒྱ་ཚའི་ཞལ་ངོ་བརྗེད་སོང་ངམ”ཞེས་དྲིས་པ་དང་འདྲ་བར་ལན་ལྡོན་དཀའ་བར་གྱུར།

“བླ་བསང་པོའི་ཤ་འཁོན་དོ་ནུབ་ལེན། མི་གཅིག་ཀྱང་གྲོགས་ལ་མི་དགོས”ཁྱོད་ཀྱིས་དེ་ལྟར་བཤད་བཞིན་མེ་མདར་རེག་ཙམ་བྱས།

ཉི་མ་ནུབ་ལ་ཉེ་ཁར། ཁྱོད་རང་དམར་རྒན་ལས་བབས། ཡིན་ནའང་ཕྱིར་ཡུལ་ལ་ལོག་པའི་ལམ་དུ་མ་ཞུགས་པར། སྨད་འཕྲང་ལུང་གི་ཕྱོགས་སུ་རྟ་ཁ་བསྒྱུར། འཕྲང་ལུང་ལ་འདི་ནས་མཚན་ཕྱེད་ཀྱི་རྟ་ལམ་ཡོད་ཅིང་། རོང་ཕྱོགས་ལ་གཏོགས་པས་བྲག་གཟར་ལ་ནགས་རྩུབ། “འཕྲང་ལུང་པད་མ་ཁྱོད་དེ་རིང་ཡོད་ན་དེ་རིང་གསོད།དེ་རིང་མེད་ན་ཐར་ནི་བྱོས”ཁྱོད་ཀྱིས་དེ་ལྟར་སྙམ་བཞིན་སྔར་རྩད་བཅད་མྱོང་བའི་ཉེ་ལམ་རྩུབ་མོ་དེ་བརྒྱུད་ནས་འཕྲང་ལུང་དུ་བརྟོལ། འཕྲང་ལུང་པད་མ་ནི་ལོ་གཞོན་ཡང་རྒྱུ་ཆེན་དབང་ཆེན་དུ་གྱུར་ཡོད་པ་དང་། ཕྱོགས་ཡར་མར་ན་དགྲ་རུ་གྱུར་པ་མང་བས། ནམ་རྒྱུན་སོ་སྲུང་ཧ་ཅང་བཙན། ཡིན་ནའང་ནུབ་མོ་དེར་ཁྱོད་ལ་ཐོགས་རྡུག་མེད་པར་འཕྲང་ལུང་པད་མའི་ཁང་ཁྱིམ་ལ་བརྟོལ།

“སྐད་མ་རྒྱག འཕྲང་ལུང་པད་མ་གང་ལ་སོང་།”

ཁྱོད་ཀྱིས་བྱིས་པ་རུམ་པའི་བུད་མེད་དེའི་སྐེ་ལ་གྲི་བཙུགས་ཏེ་སྐད་གདངས་དམའ་ཡང་གདུག་རྩུབ་ཀྱིས་ཁེངས་པའི་ངང་ནས་དེ་ལྟར་དྲིས། དེ་ནི་འཕྲང་ལུང་པད་མའི་ཆུང་མ་རེད།

“ཚོང་ལ་བུད་སོང་།”

“ས་གང་དུ་བུད་སོང་།”

“སྟོང་སྐོར་ལ་བུད་སོང་།”

བུད་མེད་དེས་ངག་འདར་བཞིན་དེ་ལྟར་བཤད་ཅིང་། རུམ་གྱི་བྱིས་པ་དེ་ད་དུང་ཁུ་སིམ་མེར་གཉིད་དུ་ཡུར་འདུག

ཁྱོད་རང་རྟ་ཕོ་ཁྱུང་གཤོག་གི་གོང་ལ་བུད་དེ་ཕྱིར་ལམ་བསྙེགས་ཤིང་། ལམ་དུ་བུད་རྗེས་དེ་མ་ཐག་འཕྲང་ལུང་གི་ཕྱི་ནང་ཐམས་ཅད་འུར་ཆིལ་ལེར་གྱུར། བོའུ་སྐད་རེ་ཟུང་ཁྱོད་ཀྱི་རྒྱབ་ལོག་ནས་གྲག་འོང་། ཁྱོད་ཕྱིར་ལོག་དུས་ད་གཟོད་རང་ཉིད་རབ་ཏུ་ཐང་ཆད་ཡོད་པ་ཚོར་ཞིང་། སེམས་པའི་གཏིང་རིམ་དུ་འཕྲང་ལུང་པད་མ་ཁོ་ཡུལ་ན་མེད་པ་འགྲིག་འདུག་སྙམ་པ་ཞིག་གསང་སྟབས་ཀྱིས་ཤར། དངོས་གནས་བཤད་ན། ཁྱོད་འགན་ཁུར་ཞིག་གིས་སྐུལ་བཞིན་པ་མ་གཏོགས། འཕྲང་ལུང་པད་མ་གསོད་རྒྱུའི་དོན་དེ་ཡང་ཡང་ལམ་ལྷོང་མ་བྱུང་བའི་མཐར། ཁྱོད་ལ་ཁོ་གསོད་འདོད་ཀྱི་འདུན་པ་ཆེན་པོ་མེད་པར་ཆགས། ཡང་གཅིག་བཤད་ན། ཁྱོད་ཀྱིས་འཕྲང་ལུང་དང་འུ་ཚང་དབར་གྱི་ཤ་འཁོན་དེའི་མཇུག་བསྡུས་ན་སྙམ་ཡོད། སྐབས་དེར་ཁྱོད་ཀྱི་ཡིད་ལ་རྡོ་རྗེ་དབང་ལོས་ཁྱོད་འགེབ་སྐབས་ཀྱི་ངོ་གདོང་དྲན་པ་དང་གནོངས་འགྱོད་ཡང་ཡང་ཤོར། ལམ་སྐབས་ནས་ཁྱོད་ཀྱིས་འཕྲང་ལུང་པད་མའི་ཆུང་མའི་རུམ་གྱི་བྱིས་པ་དེ་དྲན། ཁོ་དེ་ལྟར་ཁུ་སིམ་མེར་གཉིད་འདུག་པ་ཇི་འདྲའི་སྙིང་ལ་ཉེ་ཨང་། ཁྱོད་ཀྱིས་དེ་ལྟར་སྙམ་ཞིང་ང་དྲན།

རྟ་ཕོ་ཁྱུང་གཤོག་གིས་འཚེར་སྐད་ཕྲན་བུ་ཞིག་སྒྲོག་དུས་ཁྱོད་སླར་ཡང་དམར་རྒན་གྱི་འདབས་སུ་སླེབས། ཁྱོད་ཀྱིས་རྟ་གོང་ནས་དམར་རྒན་ལ་ཡུན་རིང་བལྟས་རྗེས་ཡོབ་རྡེབ་ཅིག་བྱས་ཏེ་ཕ་ཡུལ་ཕྱོགས་སུ་འདུར།

ང་སྐྱེས་པ་ནས་བཟུང་། ཁྱོད་ཀྱི་ཆུང་མ་སྟེ་ངའི་ཨ་མའི་ལུས་པོ་དེ་ཙམ་ཐང་པོ་མ་བྱུང་། མོའི་རླུང་འཁྲུགས་ཏེ་མཚན་མོ་གཉིད་མི་ཁུགས་པའི་ཁར། འོ་འཛིན་ཟུང་ལ་ན་ཟུག་ལངས་ཏེ་ཡུན་རིང་ཕྱིན། ཁྱོད་རང་ཁྱིམ་དུ་ལོག་པའི་ཕྱི་ཉིན་དེར། རྫོང་སྨུག་དགོན་པ་ནས་སྨན་རམས་པ་ཨ་ཁུ་བསམ་གྲུབ་གདན་དྲངས་ཏེ་ཨ་མའི་མཁྲིག་རྩར་བརྟག་ཏུ་བཅུག ཨ་ཁུ་བསམ་གྲུབ་ཨ་མའི་སྔས་མགོར་བསྡད་དེ་དལ་ལྷོད་ངང་རྩ་ལ་བརྟག་རྗེས། “རླུང་ཅུང་ཟད་འདུག་པར་ངས་སྨན་ཞིག་སྟེར། ནུ་མ་ན་བཞིན་པར་ཁྱོད་སོང་ལ་ཁུར་མོང་མེ་ཏོག་མང་ཙམ་བཏུས་ཤོག་དང་།དེ་སྦངས་ནས་ཁུ་བ་འཐུངས་ན་ཕན་ངེས”ཞེས་བསྒོས།

དབྱར་དྲོན་མོས་ས་གཞི་མེ་ཏོག་གིས་བཀང་བ་ནས་བཟུང་། ཁུར་མོང་སེར་པོ་ནི་འུ་ཚང་གི་རྒྱབ་རིའི་ཕག་གི་སྤང་སྒོར་མོ་དེར་འཚང་ཁ་ཤིག་ཤིག་སྐྱེས་ཡོད་པ་མིན་ནམ། ཁྱོད་ཀྱིས་ཚུལ་དེ་དྲན་བཞིན་རྒྱབ་རིར་འགོས་ཤིང་སྤང་ལ་བབས། ཁུར་མོང་སེར་པོ་ནི་སྤང་སྔོན་མོ་ལ་གསེར་ཞུན་ཁུ་བས་བྱུགས་པ་ལྟར་བཞད་འདུག་ལ། འདབ་མ་སེར་པོ་ནི་སྐྱེས་མ་ཞིག་གི་ཕྱག་སོར་དང་འདྲ་བར་མཉེས་གཤིན་གྱིས་ཁེངས་ཤིང་།གཞུང་རྟ་ཕྲ་མོ་ལས་འོ་མ་ལྟ་བུའི་གཤེར་ཁུ་དཀར་པོ་འབབ། ཁོ་ཚོ་དབྱར་ཁར་འདི་ལྟར་འཕྱོར་སྒེག་གིས་བཞད་དེ། སྟོན་ཚུགས་སྐབས་བལ་ཕུང་དཀར་པོ་རེ་རེར་གྱུར་ནས་འཇིག་རྟེན་གྱི་རི་སྒང་ཀུན་ལ་ཉུལ་འགྲོ། ཁྱོད་ཀྱི་བོངས་ཆེ་བའི་གཟུགས་པོ་པུས་ཚུགས་སུ་བསྡད་དེ་མེ་ཏོག་འཐུས། འོད་ལམ་ལམ་གྱི་ཉི་མས་ཁྱོད་ཀྱི་རབ་ཏུ་ཆེ་བའི་སྒལ་རྒྱབ་ཚ་བེར་བེར་བྱེད་སྐབས།ཁུར་མོང་འཇམ་པོས་ཁྱོད་ཀྱི་རྩུབ་རེག་གི་ལག་ཟུང་ཁེངས་འདུག  ཁྱོད་ཀྱིས་མེ་ཏོག་འཐུས་ཚར་ཏེ་འཛུམ་པ་དང་བཅས་ཡར་ལ་དགྱེ་གྲབས་བྱེད་སྐབས། རྒྱུས་ཡོད་པའི་ཤུ་སྒྲ་ཞིག་ཁྱོད་ཀྱི་རྣ་རྩར་ལྷུང་ཞིང་ཁྱོད་དེ་མ་ཐག་ཐང་ལ་འགྱེལ། ཤུ་སྒྲ་དེ་ཐེངས་གཉིས་པར་གྲགས་དུས་སྦྲ་སྒོར་བཏགས་པའི་རྟ་ཕོ་ཁྱུང་གཤོག་གིས་སྲབ་མདའ་བཅད་དེ་འཚེར་སྐད་འཛེར་པོ་དང་བཅས་འདྲོགས་ནས་བྲོས་སོང་ལ།དེར་ཡོད་ཐམས་ཅད་འུར་ཟིང་དང་བཅས་རྒྱབ་རིར་འགོས་ཤིང་སྤང་ལ་བབས།

ངའི་ཨ་མ་དང་བཅས་པ་ཁྱོད་ཀྱི་གམ་དུ་འབྱོར་དུས། ཁྱོད་ཀྱི་ལག་པས་ཁྲག་དམར་འཛར་འཛར་ངང་རྨ་ཁ་བསྐྱོར་འདུག་ཅིང་། ཁུར་མོང་ཚོམ་བུ་རྣམས་ཁྲག་དྲོན་གྱིས་ནག་པོར་བསྒྱུར་འདུག རྟ་ཕོ་ཁྱུང་གཤོག་གིས་ཁྱོད་ཀྱི་གམ་ནས་ལག་རྡབ་བྱེད་བཞིན་མགོ་བོས་ཁྱོད་ལ་རེག་རེག་བྱེད་པ་དང་།  ཁྱོད་ཀྱིས་མ་ཁར་སོ་འདེབས་བཞིན་ཨ་མའི་དཔུང་བ་ནས་བཟུང་སྟེ“རྗེས་ནས་བུ་དགོན་པར་སྐྱོལ་ལ་གྲྭ་པ་བྱེད་དུ་འཇུག་རོགས”ཞེས་ངག་ལྡབ་ལྡིབ་ཀྱི་ཁ་ཆེམས་བཞག་སྟེ་བཞུད་སོང་སྐད་དེ། འཛོང་ཁུག་དྲོན་མོར་གཉིད་དུ་ཡུར་བའི་ངས་ནི་དེ་དག་ཅི་ལ་དྲན།

2

ངས་དྲན་པ་ནི་ཕྱིས་ཀྱི་དོན་དག་རེད། ཕྱིས་སུ་ང་གྲྭ་པ་མ་བྱས། ཡང་ན་ཨ་མས་ང་དགོན་པར་བསྐྱལ་ཏེ་གྲྭ་པ་བྱེད་དུ་བཅུག་མ་སོང་། ང་ལ་ཁྱོད་དང་འབྲེལ་བའི་དྲན་པ་གང་ཡང་མེད་ཀྱང་། རྟ་ཕོ་ཁྱུང་གཤོག་ད་དུང་ངས་དྲན་སོས་ཀྱིན་འདུག ཕྱིས་སུ་ཁོ་སྔོན་མོ་གཡུ་ལྟ་བུ་ཞིག་ནས་དཀར་པོ་དུང་འདྲ་བ་ཞིག་ཏུ་གྱུར་སོང་།ང་ལོ་བརྒྱད་ལོན་པའི་སྟོན་ཁ་དེར། རྟ་ཕོ་ཁྱུང་གཤོག་ཚེ་ལས་འདས། རྟ་ཕོ་ཁྱུང་གཤོག་ཤི་ཉིན། ཨ་མས་ནས་སྔོན་འགའ་ལ་ཕུ་བཏབ་སྟེ་ནུབ་ཕྱོགས་སུ་གཏོར་བ་དང་། མིག་གིས་ནུབ་ཕྱོགས་ག་ལ་བར་ཕུར་ཚུགས་སུ་ལྟ་བཞིན། གཉོམ་ཞན་གྱི་གདོང་ལ་སྔར་མེད་པའི་གཏུམ་དྲག་ཅིག་རྒྱས་ཏེ་ངུ་ངག་དང་དམོད་མོ་འདྲེས་པའི་ཆིག་ལབ་ཟློ་བར་བྱེད། དེ་ནི་ངས་ཐོག་དང་པོར་ཨ་མའི་འཇིགས་སུ་རུང་བའི་ངོས་གཞན་ཞིག་མཐོང་བ་ཡིན། ཡང་དེའི་ཕྱིས་ཤིག་ལ། ཁྱོད་ཀྱིས་རྙེད་པའི“སྔགས་རྒྱག”དེ་རྐུ་ལ་ཤོར། དོན་དེས་ཨ་མའི་མཚན་ཞག་མང་པོ་ཞིག་གི་རྨི་ལམ་འཕྲོག་ཅིང་། “ངེད་མ་སྨད་ཀྱི་ལས་འདི་ཨང”ཟེར་བཞིན་ཉིན་མོ་མང་པོ་ཞིག་སྨེ་ངག་གིས་བསྐྱལ།ཨ་མས་ང་དགོན་པར་མི་སྐྱེལ་བའི་བསམ་ཚུལ་ཡང་དུས་དེ་ནས་བཟུང་ཇེ་བརྟན་དུ་གྱུར་པ་འདྲ།

“ཁྱོད་ཀྱིས་རང་ཉིད་སུའི་བུ་ཡིན་པ་ཨེ་ཤེས།”

“ངས་གོ་མྱོང་། ངའི་ཨ་ཕ་མི་གཞན་གྱིས་བསད་པ་རེད།”

མཚན་མོ་དེར་ཨ་མས་ང་ལ་ཁྱོད་དང་འབྲེལ་བའི་ཁ་བརྡ་མང་པོ་མང་པོ་ཞིག་བྱས་ཤིང་། མགོ་རིལ་རིལ་ལ་བྱིལ་བྱིལ་བྱེད་བཞིན“ཁྱོད་མྱུར་མོར་ནར་སོན་ཤོག”གསུངས།

ང་ནར་སོན་པའི་གོ་རིམ་ཁྲོད། ཁྱོད་དང་འབྲེལ་བའི་བཤད་སྲོལ་གཉིས་རླུང་ལྟར་རྒོད་དེ། གཅིག་ནི་འཕྲང་ལུང་པད་མ་བྱ་བར་ཁྱོད་བསད་པའི་དགའ་རྟགས་ལ་རོང་བོ་ནང་སོས་དཔོན་ཐོབ་གནང་སོང་ཟེར་བ་དང་། ཅིག་ཤོས་ནི་ཁྱོད་ཀྱི་རྣམ་ཤེས་དམར་རྒན་ན་གཞི་བདག་ཏུ་སྐྱེས་ཡོད་པ་དང་ཁྱོད་ལ་དགྲ་ཤ་ལེན་ཆེད་འཕྲང་ལུང་པའི་མཚོན་ཁ་ནས་ཤི་བའི་མནའ་བཅད་འབྲོང་རུའི་བཀྲ་ཁོ་ནི་ཁྱོད་ཀྱི་འཁོར་དུ་སྐྱེས་ཡོད་ཅེས་པ་དག་རེད།མི་ཚོས་མཚར་ཉམས་དང་བཅས་དམར་རྒན་དང་ཁྱོད་གཉིས་ངོ་བོ་དབྱེར་མེད་ལྟ་བུ་ཞིག་ཏུ་བཤད་བཞིན་པ་གོ་ཐེངས་རེར། ང་ལ་ང་རྒྱལ་འདྲེས་པའི་སྐྲག་སྣང་ཞིག་སྐྱེས་མྱོང་།

ཁེར་རྐྱང་དང་འཇིགས་དངངས་ཀྱི་ལོ་ཟླ་མང་པོ་ཞིག་ཕར་འདས་ཏེ། མ་དྲིན་མོ་ཆེའི་གདོང་ལ་རྒས་གཉེར་གྱི་རི་མོ་བབས། ང་རང་ཡང་ནར་སོན་ཏེ་ཕོ་ལོ་ཉི་ཤུར་སླེབས། ངས་ཕ་ཤུལ་གྱི་རྒྱུ་འཚོས་ཏེ་དྲེད་ལུང་གི་ཉིན་སྲིབ་ཁེངས་ཡོད་ཀྱང་། ཨ་མས་ངའི་གཉོམ་ཞན་གྱི་གཟུགས་པོར་ལྟ་བཞིན་སེམས་ཁུར་ཤོར།ཨ་མས་བཤད་ན། དཔོན་སི་ལིན་ཨ་པ་ཨ་བློས་དམག་གྲབས་བཤམས་ཏེ་རྒན་གྱ་ནས་མ་པུ་ཧྥང་དང་དམར་འཛིང་བྱ་རྒྱུ་ཡིན་པ་དང་། དེའི་ཆེད་དུ་གྲ་སྒྲིག་བྱས་པའི་མེ་མདའ་འགའ་རེ་ཕྱི་ལ་འཁྱར་ཏེ་ལྐོག་ཚོང་བྱེད་ཀྱིན་འདུག་ཟེར་ཏེ། མདོར་དྲིལ་ན་བླ་བྲང་གི་ཕྱོགས་སུ་ཁྱད་དུ་འཕགས་པའི་མེ་མདའ་ཉོ་རྒྱུ་འདུག་ཅེས་པ་དེའོ།།དེ་ཉིད་ཁོ་མོས་རྫོང་སྨུག་དགོན་པའི་སྐོར་མཐའ་ནས་གོ་ཐོས་བྱུང་ཟེར་ཡང་། དོན་ལ་མོས་སྔ་མོ་ནས་བླ་བྲང་ཕྱོགས་སུ་རྩད་གཅོད་གསལ་ཐག་ཆོད་པ་བྱས་འདུག ཨ་མ་ནི་འདི་ལྟར་གཉོམ་པོ་གཉོམ་པོ་ཞིག་ནས་གྲུང་པོ་གྲུང་པོ་ཞིག་ཏུ་གྱུར།

ཟླ་ཕྱེད་སྔོན་གྱི་ས་སྲོད་དེར། ངས་བསང་ཆུའི་འགྲམ་གྱི་གད་པ་ཞིག་ནས་ཡུན་རིང་ལ་བསྒུགས་མཐར། ཉིན་མོར་བླ་བྲང་གི་ཁྲོམ་སྲང་དུ་ཕུ་རུང་ནང་ནས་ཚོང་གཏམ་པའི་རྒྱ་མི་སྨྲ་ར་ཅན་དེ་དུས་བཅད་ལྟར་སླེབས་བྱུང་། ཁོས་གོས་རྒྱ་སྨུག་འཁོར་ལོ་མའི་སྟོད་ལྭ་ཞིག་གྱོན་ཞིང་། རས་དཀར་པོས་ཡོངས་སུ་གཅུད་པའི་དངོས་པོ་དེ་ཕྲག་ལ་ཁུར་ནས་སླེབས་བྱུང་།ངས་སིལ་སྒྲ་ཤག་ཤག་བྱེད་པའི་དུང་ཙེ་རས་ཕད་རྐེད་དེ་ཁོའི་ལག་ཏུ་བཞག ཁོས་དེ་ལས་འགའ་ཤས་བླངས་ཏེ་ཕུ་བཏབ་ནས་རྣ་རྩར་འཁྱེར་བ་དང་། སིང་སྒྲ་སྙན་མོ་རེ་རེས་དུང་ཙེ་དེ་དག་གི་དག་རྫུན་ར་སྤྲོད་བྱས། ཁོས་སིང་སྒྲ་མང་པོ་ཞིག་ལ་མཉན་རྗེས་ཁོའི་ལག་གི་དངོས་པོ་རིང་པོ་དེ་ངའི་ལག་ཏུ་བཞག་ཅིང་།མཐའ་འཁོར་དུ་བྱ་ར་བྱེད།ངས་རས་དཀར་པོ་དེ་ག་ལེར་བཤིགས་པ་ན། ཕྲ་ཡང་ཕྲ་ལ་མཛེས་ཀྱང་མཛེས་པའི་འོད་ལམ་ལམ་གྱི་མེ་མདའ་ཞིག་ངའི་མཐོང་ལམ་དུ་མངོན་ཞིང་། ཀླད་པའི་རྣ་ཤུ་ལེབ་མོ་ནི་རེག་བྱ་འཇམ་ཞིང་གྲུང་ཤ་དོད། དེའི་མཆུ་སྣེར་ངོ་མི་ཤེས་པའི་ཡི་གེའི་གཟུགས་འགའ་བརྐོས་པའི་ནང་ཨང་ཀི2དང47སོགས་འདུག

“ཏེ་གོའི་མོ་པུའུ་རྣ་ལེབ་དག་མ་རེད། མདེའུ་ལྔ་དྲུག་མཉམ་དུ་བཞག་ཆོག མདེའུ་འཕངས་རྗེས་ཀླད་པ་ལན་གཅིག་འཐེན་ན་ལྕགས་ཤུབ་རང་བཞིན་གྱིས་ཕྱིར་ལྡིང་བ་རེད།”

རྒྱ་མི་སྨྲ་ར་གཙང་མར་ཤད་པ་དེས་དེ་ལྟར་དགོད་འཛུམ་དང་བཅས་བོད་སྐད་ཀྱི་ལམ་ནས་དཔེ་སྟོན་དང་ངོ་སྤྲོད་བྱེད་བཞིན་མདེའུ་སྒྱེའུ་རྐེད་ཅིག་ཀྱང་ངའི་ལག་ལ་བཞག

ཚོང་བརྒྱབ་རྗེས་ང་མཚན་ལམ་གཅིག་གིས་ཕྱིར་ཡུལ་ལ་ལོག་ཅིང་། ཕྱོགས་གང་ཐད་ལ་ཞིབ་ཚགས་ཀྱི་འཆར་གཞི་བཀོད་དེ་ད་ལྟའི་བར་བསྡད།

རྫ་གཉན་པོ་དམར་རྒན་གྱི་འདབས་རོལ་ལ་སླེབས་དུས། སྨུག་ལང་ལོང་ལ་ད་དུང་དྭངས་བཟོ་ཞིག་མི་འདུག ང་རྟ་ལས་བབས་ཏེ་ངལ་གསོས་ཤིང་།རྟ་གཡུ་སྔོན་གྱིས་དམར་རྒན་ཆུ་འཐུང་།དམར་རྒན་ཆུ་ནི་ཁུ་སིམ་ངང་དལ་བུར་འབབ། ངས་སྨུག་པས་བཟུང་བའི་དམར་རྒན་ལ་ལྟ་བཞིན་ཁྱོད་དྲན་ཞིང། “གལ་ཏེ་ད་རེས་ཕྱིར་ཡོང་ཞིག་ཡོད་ན།དམར་རྒན་གྱི་རྩེ་མོར་འགོས་ཏེ་མཁར་སྐྱ་མོ་དེ་ལ་ལན་གཅིག་ལྟ”སྙམ་བཞིན་སེམས་པ་སྐྱོམ། གོ་ཐོས་སུ། ཁྱོད་ནི་གཟུགས་རིང་ཞིང་བོངས་ཆེ་ལ། བྲང་ཁ་དང་དཔུང་པར་ཤ་རྒོད་ཤིག་ཤིག་བྱེད་པ་ཞིག་ཡིན་ཟེར། ཁྱོད་དང་བསྡུར་ན། ང་ནི་གཟུགས་ཐུང་ཞིང་ཤ་སྐམ་ལ། མཉེས་གཤིན་གྱི་གདོང་ལ་ཉམས་ཐག་འབའ་ཞིག་མངོན། སྐབས་དེར་ངས་རང་གི་མིག་རྩ་དམར་པོ་དེ་དྲན་བྱུང་། ཨ་མས་ངའི་མིག་རྩ་དམར་ཚུལ་ནི་ཁྱོད་དང་ཨ་ན་མ་ན་རེད་ཟེར།ངས་དེ་དག་ལ་བསམ་བློ་འཁོར་ཞོར་དམར་རྒན་ཆུར་ལྡོག་གཟུགས་སུ་ཤར་བའི་རང་ཉིད་ལ་བལྟས་ཏེ་ཞེ་རེ་སྨྲེང་།

ཞེ་སྨྲེང་རུང་ལམ་ལ་ཆས་དགོས། ང་གཡུ་སྔོན་གྱི་གོང་ལ་བཞོན་ཏེ་ཡོབ་རྡེབ་ཅིག་བྱས་ཤིང་། གཡས་ཕྱོགས་ན་སྒམ་སྐྱོའི་ངང་འགྲེང་འདུག་པའི་དམར་རྒན་ལ་ཐེངས་གཅིག་ལྟ་བཞིན་སྨད་འཕྲང་ལུང་གི་ཕྱོགས་སུ་འདུར། གཟིགས་བྱུང་ངམ། ངའི་མེ་མདའ་ཁུར་བའི་ཉམ་ཐག་གི་རྒྱབ་གཟུགས་དེ་རྟ་གོང་ན་དཔའ་སྤོབས་ཀྱིས་འགྲེང་འདུག་པ་ཁྱོད་ཀྱིས་གཟིགས་ཨེ་བྱུང་། དམར་རྒན།  །

རྩོམ་པ་པོ་ངོ་སྤྲོད།

བཙུན་ཐར་རྒྱལ། པིར་མིང་ལ་གཡུ་རལ་འབོད། མཚོ་སྔོན་རྩེ་ཁོག་མགར་རྩེ་གོ་འཇོ་སྡེ་བར་སྐྱེས། ད་ལྟ་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་དུ་རྩོམ་སྒྲིག་དང་ལོ་ཙཱའི་ལས་ཀ་གཉེར་བཞིན་ཡོད། 2018ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན། 2021ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཤེས་རམས་ཞིབ་འཇུག་སློབ་མཐར་ཕྱིན། སྙན་ངག་དང་དཔྱད་རྩོམ་འགའ་རེ་རྒྱལ་ནང་གི་དུས་དེབ་ཁག་ཏུ་བཀོད་མྱོང་། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།