ང་རང་མི་ངན་དུ་གྱུར་སོང་བ་ཨེ་རེད། མགར་ཚེ་དོན་གྱིས་བརྩམས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉིན་འདི་གར། རྒྱུན་པར་ང་ལ་གུས་གུས་ཞུམ་ཞུམ་དང་འཛུམ་དམུལ་དམུལ་གྱིས་འཚམས་འདྲི་དང་བཀུར་བསྟི་བྱེད་པའི་མཐའ་འཁོར་གྱི་མི་རྣམས་ཀྱིས་གློ་བུར་དུ་ངའི་སྟེང་ལ་ཡི་མ་རངས་པའི་མིག་མདངས་མཚར་པོ་ཞིག་གིས་ལྟ་ཞིང་། མངོན་ལྐོག་གང་རུང་ནས་ཟུར་ཟ་དང་འཕྱ་དམོད་ཀྱི་ཚིག་ནི་རླུང་གིས་ཁུར་བའི་བྱེ་མ་ཇི་བཞིན་དུས་ངེས་མེད་དུ་ངའི་རྣ་བའི་བུ་གར་འཚངས་ཡོང་བས། རང་སེམས་ལ་ཨ་ཐང་ཆད་པའི་ངལ་བ་དང་སུན་སྣང་བཟོད་གླགས་མེད་པ་ཞིག་སྟེར་བར་བྱེད།

ང་རང་ཐབས་རྡུགས་པའི་གནས་བབ་འདི་འདྲ་ཞིག་ལ་ལྷུང་དོན་ནི་མོ་ལན་པ་ཡིན་ནམ་རང་ཉིད་ལན་པ་ཡིན། འདི་ནི་དྲིས་ལན་ཡོད་པའི་འདྲི་ཚིག་ཅིག་ཡིན་མི་སྲིད་ལ། ངས་ཀྱང་དེའི་དོན་དུ་མོར་ཁག་དཀྲི་དང་ལེ་བདའ་ཡང་བྱེད་ཀྱིན་མེད། དྲང་མོར་བཤད་ན། ང་ལ་ཁག་འགེལ་བྱེད་པའི་གནས་ལུགས་ཀྱང་ཡོད་པ་མ་རེད།

ངས་ཐོག་མར་མོ་ངོ་ཤེས་དུས་ནི་ན་ནིང་སོས་ཀ་རེད། དེ་དུས་ང་རང་དགོན་པའི་ཚོགས་ཆེན་འདུ་ཁང་གི་དཀོན་གཉེར་ཡིན་ལ། ཉིན་རྒྱུན་ཞོགས་པའི་སྐྱ་རེངས་མ་བཀྱགས་གོང་ནས་མལ་ལས་ལངས་ཏེ་འདུ་ཁང་གི་སྒོ་ཆེན་ཕྱེ་བ་དང་། མཆོད་པ་བཤམས་པ། བར་ཁྱམས་ལ་གད་བདར་བྱེད་པ། མཆོད་མཇལ་བའི་རེ་བ་ལྟར་བསྔོ་སྨོན་གསུང་བ་སོགས་བྱས་ཏེ་བསྐྱར་ཟློས་ཀྱི་ཉི་མ་རེ་རེ་བཞིན་ཕར་སྐྱེལ་གྱིན་ཡོད། སྐབས་ཤིག་ནས་བཟུང་ངས་མཆོད་མཇལ་བའི་ཁྲོད་ནས་དམིགས་བསལ་གྱི་མཇལ་བ་ཞིག་ལ་མཉམ་བཞག་བྱུང་། མོ་ནི་བུ་མོ་གཞོན་ནུ་མ་ཞིག་རེད་ལ། བོད་ལྭ་གོན་མེད་པས་འདུ་ཁང་གི་མཇལ་བ་ཚོའི་ཁྲོད་ནས་གཞན་གྱིས་མཉམ་འཇོག་སླ་བོ་འདུག དེ་ལས་ཀྱང་མོ་ཉིན་འགའི་ནང་ལ་འདུ་ཁང་དུ་ཐེངས་རེར་ཡོང་ཞིང་། མཇལ་བ་གཞན་པ་ལྟར་འདུ་ཁང་གི་སྐུ་གསུང་ཐུགས་རྟེན་ཆ་ཚང་ལ་མི་མཇལ་བར། ལྷ་མོ་དབྱངས་ཅན་མའི་གྱན་ཐང་གི་མདུན་དུ་པུས་མོ་སར་བཙུགས་ཤིང་། ལག་གཉིས་ཐལ་མོ་སྦྱར། མིག་ཟུང་བཙུམས་ནས་ཡུན་རིང་དུ་གསོལ་བ་འདེབས་པར་བྱེད་པས། བལྟས་ཚོད་ཀྱིས་སེམས་ངལ་ལྕི་མོ་ཞིག་གི་ཁུར་གྱིས་མནན་ཡོད་པ་དང་འདྲ། མཐའ་འཁོར་གྱི་མཇལ་བ་ཚོས་ཀྱང་སྐབས་རེར་མོ་ལ་མཚར་སྣང་གིས་ལྟ་བར་བྱེད།

ངའི་ཟིན་བྲིས་ཀྱི་སྟེང་དུ་མཇལ་བ་རྣམས་ཀྱིས་ཚེ་འདས་དང་རང་གི་ཁྱིམ་ཚང་གི་སྐྱིད་སྡུག་གང་རུང་གི་ཆེད་དུ་ཞུས་པའི་བསྔོ་ཡིག་དང་སྐྱབས་འཇུག་གིས་གང་ཡོད་ན་ཡང་། མོ་ཐེངས་གཅིག་ལའང་ངའི་སར་ཡོང་ནས་སྐྱབས་འཇུག་ཞུས་མ་སོང་། དེ་བས། ངས་ནམ་རྒྱུན་ལས་ཀའི་ཁོམ་གླགས་བར་ནས་མོའི་བཟོ་ལྟ་ལ་ལྟ་བཞིན་མོ་ལ་སེམས་འདུན་ཅི་ཞིག་ཡོད་པར་ཚོད་བགམ་བྱས་ནས་བསྡད་པ་ཡིན།

ཉིན་ཞིག་གི་སྔ་དྲོར། མཇལ་བ་ཚང་མ་གཤར་ཚར་རྗེས་མོ་གཅིག་པུ་ད་དུང་དབྱངས་ཅན་མའི་གྱང་ཐང་གི་མདུན་དུ་པུས་བཙུགས་ནས་གསོལ་བ་འདེབས་བཞིན་འདུག འདུ་ཁང་གི་སྒོ་རྒྱག་པའི་དུས་ལ་ཉེ་བས། ང་རང་མོའི་ཉེ་སར་བཅར་བ་ཡིན། མོའི་གམ་དུ་སླེབས་མ་ཐག སྟབས་མ་ལེགས་པར་ངའི་ལག་གི་ཟིན་དེབ་དེ་ཅལ་སྒྲ་དང་བཅས་ས་རུ་ལྷུང་བས། མོ་འཚབ་འཚུབ་ཀྱིས་ཡར་ལངས་ཤིང་། གམ་དུ་ང་ཡོད་པ་མཐོང་འཕྲལ་མགོ་སྒུར་ནས་ངའི་ཟིན་དེབ་ཡར་ལེན་ཞོར་གུས་ལུགས་དང་བཅས“བླ་མ་ལགས། དགོངས་པ་མ་ཚོམ”ཟེར། ངས་རྒྱ་སྐད་ད་མ་དིག་གིས“ང་བླ་མ་མིན། སྤྱིར་བཏང་གི་གྲྭ་བ་ཞིག་ཡིན། ཁྱེད་ལ་སྨོན་འདུན་ཞུ་རྒྱུ་ཡོད་ན་ང་ལ་བཤད་ཆོག”ཅེས་བཤད། མོ་ཅུང་ཟད་ལྷོད་ལ་བབས་ནས་འདང་ཞིག་བརྒྱབ་རྗེས། “ངས་བུ་ཞིག་སློང་འདོད་པ་ཡིན། གྲོགས་པོས་བཤད་ན་ཁྱེད་ཀྱིས་དགོན་པའི་ནང་གི་ལྷ་མོ་དབྱངས་ཅན་མར་གསོལ་བ་བཏབ་ན་བུ་ཕྲུག་གི་དངོས་གྲུབ་བསྩལ་ངེས་ཟེར་བས་ཁོམ་སྐབས་སུ་ཡོང་ནས་གསོལ་བ་བཏབ་པ་ཡིན”ཟེར།

ངའི་སེམས་སུ་དབྱངས་ཅན་མ་ནི་ཤེས་རབ་སྩོལ་བའི་ལྷ་མོ་ཡིན་པ་ལས་བུ་སྦྱིན་པའི་ལྷ་མོ་གང་ནས་ཡིན་བསམས་མོད། དེ་ཡང་ཁྱི་སོ་ལས་ཀྱང་འོད་ཟེར་འཕྲོ་ཞེས་པ་ལྟར། མོའི་དད་པ་བརྟན་པོར་གནོད་འགྲོ་བར་བསམས་ནས་དེ་ལྟར་གསལ་བཤད་མ་བྱས་པར། མཆོད་ཁྲིའི་སྟེང་ནས་སིལ་ཏོག་ཅིག་བླངས་ནས་མོར་སྟེར་ཞོར“ལྷ་མོ་དབྱངས་ཅན་མས་ཁྱེད་ལ་མགོན་སྐྱབས་གནང་བར་མཁྱེན”ཞེས་སྨོན་ལམ་བཏབ།

མོས་ལུས་པོ་གུག་གུག་གིས་གུས་འདུད་ཞུ་བཞིན་ཕར་སོང་ཤུལ་དུ། ང་རང་ཅི་ཡིན་འདི་ཡིན་མེད་པར་དབྱངས་ཅན་མའི་གྱང་ཐང་ལ་ཅེར་ནས་ཡུན་རིང་ལུས་ཤིང་། ངག་ནས“རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག། མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ།།”ཞེས་དབྱངས་ཅན་མའི་བསྟོད་པའི་ཚིག་རྐང་འགའ་ཡང་དབང་མེད་དུ་ཤོར།

དེ་ནས་བཟུང་། མོ་སྔར་ལྟར་ཉིན་འགའི་ནང་ལ་ཐེངས་རེར་དབྱངས་ཅན་མར་མཆོད་མཇལ་དུ་ཡོང་ཞིང་། ང་རང་མཐོང་ཐེངས་རེ་རེར་འཛུམ་ཙམ་བྱེད་པ་ལས་ངའི་ཉེ་སར་བཅར་ནས་ཁ་བརྡ་མི་བྱེད།

ཉིན་ཞིག་ཉེ་མི་ཞིག་གིས་ང་ལ་བྲོ་བསྐྱལ་ནས་དགོན་པར་ཡོང་བས། ངེད་གཉིས་དགོན་མཐའི་གྲོང་རྡལ་དུ་མགྲོན་ཁང་ལ་འདུག་ཏུ་སོང་བ་ཡིན། དངུལ་སྤྲོད་གྲབས་བྱེད་སྐབས། རྒྱབ་ཕྱོགས་ནས་བུ་མོ་ཞིག་གིས་རྒྱ་སྐད་ཀྱིས“བླ་མ་ལགས། ཁྱེད་ཕེབས་སམ”ཟེར། ཕྱིར་འཁོར་ནས་བལྟས་དུས་མོ་རེད།མོས་མགྲོན་ཁང་དེ་ནི་མོའི་ཁྱོ་གས་གཉེར་བཞིན་ཡོད་པས་ཁྱེད་གཉིས་ཞག་མ་གཅིག་ལ་རིན་མེད་པར་སྡོད་ཟེར་ནས་རིན་བླངས་མ་སོང་། ཉེ་མི་དེས“རྒྱ་མོ་འདི་ཆོས་དད་ཅན་ཞིག་ཡིན་ངེས”ཟེར།

མོས་དེ་ལྟར་ཕལ་ཆེར་ལོ་གཅིག་ལ་ཉེ་བར་མཆོད་མཇལ་གྱི་རྒྱུན་བསྐྱངས་སོང་། ཡིན་ཡང་། མོ་ལ་མངལ་སྦྲུམ་ཡོད་པའི་བཟོ་ལྟ་ཅི་ཡང་མི་འདུག མཚམས་མཚམས་སུ། ངས་དབྱངས་ཅན་མས་མོའི་རེ་འདུན་བསྐང་ཐུབ་བམ་ཞེས་ནང་སེམས་སུ་དྲི་བ་བཏོན། ལན་རེར། རང་ཉིད་ཀྱིས་ཐོག་མ་ནས་མོ་ལ་གསལ་བཤད་མ་བྱས་པར་འགྱོད་པ་སྐྱེས།

ལོ་མཇུག་གི་དགུན་ཁའི་ཞོགས་པ་ཞིག་ལ། ངས་འདུ་ཁང་གི་ཁྱམས་རའི་ནང་གི་ཁ་བ་མཐུག་པོ་དེ་ལྕགས་ཁེམ་གྱིས་ཕར་འདེད་བཞིན་ཡོད་སྐབས། མོ་ཁ་བ་བརྒལ་ནས་སླེབས་བྱུང་། ཉིན་དེར་མོ་ནམ་རྒྱུན་དང་མི་འདྲ་བར་ལུས་ཡོངས་ལ་ངལ་དུབ་ཀྱིས་ཁེངས་ཡོད་ལ། མགོའི་སྐྲ་ལོ་ཟིང་ཟིང་དང་མིག་གཡས་པའང་སྐྲངས་ནས་སྔོ་ནག་ཏུ་གྱུར་འདུག་པས། ངས་ཀྱང་གྱོན་པ་ལ་བལྟས་པས་མ་གཏོགས་རེ་ཞིག་མོ་ཡིན་པའང་ངོ་ཤེས་མ་སོང་། ངས་སེམས་ཁུར་གྱི་ཚུལ་དུ“ཁྱོད་ལ་ཅི་བྱུང་སོང”ཞེས་དྲིས་པར། མོས་མགོ་བོ་ནང་དུ་གུག་ནས“ཁངས་ནང་ནས་འདྲེད་དེ་ཐང་ལ་བརྒྱབ་པ་རེད”ཟེར་བ་དང་དེ་ནས་ཅི་ཞིག་བཤད་རྩིས་བྱས་རྗེས་ཁ་བསྡམས་བྱུང་། ངས་མོས་རྫུན་གཏམ་གྱིན་པ་ཤེས་པས་མུ་མཐུད་ནས་གཏིང་འདྲི་མ་བྱས།

ཉིན་དེར། ངས་མོར་རོགས་ཤིག་བྱེད་བསམས་ཀྱང་ཇི་ལྟར་བྱེད་དགོས་པ་མ་ཤེས་པས། བསྔོ་སྨོན་ཟིན་བྲིས་ཀྱི་སྟེང་དུ་རང་འདོད་ཀྱིས“ལྷ་མོ་དབྱངས་ཅན་མ་མཁྱེན། མོར་བུ་ཕྲུག་ཅིག་སྦྱིན་རོགས་ཞུ”ཞེས་བྲིས་རྗེས་ཡང་གཞན་གྱིས་མི་མཐོང་བའི་ཆེད་དུ་ཡི་གེའི་སྟེང་དུ་སྨྱུ་གུས་ཐིག་ཕྲེང་འགའ་ཕབ་ནས་མི་གསལ་བར་བྱས།

ཏག་ཏག་ཉིན་དེ་ནས་བཟུང་མོ་འདུ་ཁང་དུ་སླེབས་མ་སོང་། སྐབས་ཤིག་ནས་བཟུང་། རང་དབང་མེད་པར་དབྱངས་ཅན་མའི་གྱན་ཐང་གི་ཕྱོགས་སུ་ལྟ་བ་ནི་ངའི་གོམས་ལོབས་ཤིག་ཏུ་གྱུར་འདུག་ལ། མི་ལོ་མང་པོའི་རྙིང་དྲེགས་ཀྱིས་ཟིན་པའི་གྱང་ལྡེབས་སུ་གསལ་ལ་མི་གསལ་བའི་དབྱངས་ཅན་མའི་དཀྱུས་རིང་ཞིང་གསོན་ཉམས་དོད་པའི་སྤྱན་ཟུང་གིས་ངའི་འགྲོ་འདུག་ལ་དུས་ཀུན་ཏུ་གཟིགས་ནས་ཡོད་པ་འདྲ་བའི་སྣང་བ་དེས་སྐབས་རེར་ངའི་ནང་སེམས་ལ་བདེ་བ་སྟེར་ཞིང་། ལན་རེར་དངངས་སྐྲག་ཅིག་ཀྱང་སྐྱེད་པར་བྱེད།

ལོ་གསར་གྱི་རྗེས་སུ། ངས་དཀོན་གཉེར་གྱི་ལས་ཀའི་འགན་འགྲུབ་པས། འདུ་ཁང་གི་ལྡེ་མིག་དཀོན་གཉེར་གསར་པར་སྤྲད་པ་ཡིན། དེ་ནས་བཟུང་ང་ཡང་འདུ་ཁང་དུ་འགྲོ་ཐེངས་ཉུང་ཞིང་། འགྲོ་ཐེངས་རེར་དབྱངས་ཅན་མའི་གྱན་ཐང་ལ་གཏད་དེ་ཅི་ཞིག་འཚོལ་བ་ལྟར་ཡུན་རིང་ལུས་འགྲོ།

དཔྱིད་ཀའི་ཉིན་མོ་ཞིག་ལ། གྲོགས་པོ་འགའ་དང་ལྷན་དུ་གྲོང་རྡལ་གྱི་སྲང་ལམ་ཉུལ་སྐབས། ཐེངས་སྔོན་མར་བསྡད་མྱོང་བའི་མགྲོན་ཁང་དེའི་སྒོ་འགྲམ་བརྒྱུད་པ་དང་། ངས་མཚར་ཉམས་ཀྱིས་ཤེལ་སྒོ་ལས་ནང་དུ་ཞིབ་ལྟ་ཞིག་བྱས་མོད། དངུལ་ལེན་ས་རུ་བུད་མེད་གཞོན་ནུ་མ་གཞན་ཞིག་འདུག་པ་ལས་མོ་མཐོང་མ་སོང་།

ཉིན་དེར། མཆོད་ཆས་ཚོང་ཁང་ཞིག་ཏུ་ངས་དབྱངས་ཅན་མའི་ཐང་ག་ཆེན་པོ་ཞིག་ཉོས་པ་ཡིན། གྲོགས་པོ་ཞིག་གིས་ཀུ་རེའི་ཚུལ་དུ“ཁྱོད་ཀྱིས་ངག་གི་དངོས་གྲུབ་ཞུ་རྒྱུ་ཡིན་ནམ”ཟེར་བར། ངས“མི་གཞན་ཞིག་གི་ཆེད་དུ་བླུས་པ་ཡིན”ཞེས་ཁ་ནས་ཤོར། དེ་ནས་ཞིབ་འདང་ཞིག་བརྒྱབ་རྗེས། དོན་དངོས་སུ་མོའི་ཆེད་དུ་ཡིན་ནམ། རང་གི་ཆེད་དུ་ཡིན། ང་ལའང་ལན་གསལ་པོ་ཞིག་མི་འདུག

དབྱར་གནས་གྲོལ་རྗེས། ང་རང་དགོན་པའི་ཚོང་ཁང་གི་གཉེར་པར་བཞག་སོང་། དེ་ནི་ངས་རྒྱ་སྐད་ཅུང་ཙམ་ཤེས་པ་དང་འབྲེལ་བ་ཡོད་ངེས། ང་ལྟ་བུའི་གཞུང་ལ་མི་འཇོན་པའི་གྲྭ་རྐྱང་ཞིག་ལ་མཚོན་ན། ཚོང་ཁང་གཉེར་རྒྱུ་ནི་ལས་ཀ་ཅུང་སླ་མོ་ཞིག་རེད་ལ། དེ་ལས་ཀྱང་དགོན་པའི་རླངས་འཁོར་བསྐོར་ནས་ཟླ་རེར་ཁྲེང་ཏུའུ་རུ་ཚོང་ལེན་དུ་འགྲོ་རྒྱུ་ནི་སྐྱིད་སྣང་ལྡན་པའི་ལས་ཀ་ཞིག་ཅི་ལ་མིན།

ད་ལོའི་ཟླ་བརྒྱད་པའི་ནང་དུ། ང་རང་ཐེངས་དང་པོར་ཁྲེང་ཏུའུ་རུ་ཚོང་ལེན་དུ་སོང་། ཚོང་བླངས་ཚར་རྗེས་ཀྱི་ཉིན་དེའི་ཕྱི་དྲོར། ང་རང་ཉིན་མོའི་ཚ་ངར་གྱིས་བཏུམས་པའི་རྒྱ་སྲང་དུ་ཉུལ་ནས་སྡོད་སྐབས། གློ་བུར་དུ་མདུན་ཕྱོགས་ནས་ཁ་རས་དཀར་པོའི་གོང་ལ་མིག་ཤེལ་དམར་སེར་བརྒྱབ་པའི་རྒྱ་མོ་ཞིག་གིས་སྤྲོ་དགའི་གདངས་དང་བཅས“གྲོགས་པོ། ཁྱེད་བདེ་མོ། ཁྱེད་དང་འདི་ནས་འཕྲད་ཡོང་བ་ཡིད་ལའང་འཁོར་མ་མྱོང”ཟེར། ངས་ཞིབ་ཏུ་བལྟས་པས་ད་གཟོད་མོ་ནི་ལོ་སྔོན་མར་རྒྱུན་པར་འདུ་ཁང་དུ་མཆོད་མཇལ་ལ་ཡོང་བའི་རྒྱ་མོ་དེ་ཡིན་པ་ངོས་ཟིན་སོང་།ངས་ཀྱང་འཚམས་འདྲི་ཞུ་ཞོར“གྲོགས་པོ་ཞེས་བོས་ན་དོགས་བདེ་པོ་དང་བར་ཐག་ཉེ་བོ་ཞིག་རེད”ཅེས་ཀུ་རེའི་ཚུལ་དུ་བཤད།

མོ་ཁྲེང་ཏུའུ་ལ་ཆ་ཡོད་རྒྱུས་ཡོད་ཡིན་པས། ང་རང་ཉེ་འགྲམ་གྱི་ཟ་ཁང་སྐྱིད་པོ་ཞིག་ཏུ་ཁྲིད། ངེད་གཉིས་ཟ་ཁང་དེའི་སྒེའུ་འགྲམ་གྱི་ཅོག་ཙེ་ཞིག་ཏུ་བསྡད་དེ་མཉམ་དུ་དགོང་ཟས་ལ་རོལ། གློག་འོད་མག་མོག་གི་ཁང་པའི་བར་སྟོང་ནས་མཆེད་ཡོང་བའི་རྒྱབ་ལྗོངས་གླུ་དབྱངས་ལྷོད་པོ་དེ་དང་གྲང་བསིལ་བསིལ་གྱི་འཁྱགས་རླུང་ནི་ལུས་སེམས་ལ་བྱིལ་བྱིལ་གཏོང་བའི་གཟུགས་མེད་ཀྱི་ལག་ཟུང་འཇམ་པོ་ཞིག་དང་འདྲ་བར་ང་རང་ཐེངས་དང་པོར་བུད་མེད་ཅིག་དང་དུས་ཆད་བྱས་པའི་འཛེམ་དོགས་དང་འཚེར་སྣང་ཐམས་ཅད་རིམ་གྱིས་ཞི་བར་བྱས།

ངས“ཁྱེད་རང་ད་ལྟ་ཁྲེང་ཏུའུ་རུ་འཚོ་བ་རོལ་བཞིན་ཡོད་དམ”ཞེས་དྲིས་པར། ཁོ་མོས“ངའི་ཕ་མ་གཉིས་འདི་རུ་ཡོད་པས། ངས་ཀྱང་འདི་གར་ཚོང་ཁང་ཆུང་ཆུང་ཞིག་གཉེར་ནས་བསྡད་ཡོད”ཟེར།

“དེས་ན་ཁྱེད་ཀྱི་སྐྱེས་པ་ད་དུང་ང་ཚོའི་གྲོང་རྡལ་དུ་ཡོད་དམ།”

མོས་གཟབ་ནན་གྱིས་ཇ་ཁམ་གང་འཐུང་བ་དང་། གདོང་ལ་བཅོས་འཛུམ་ཞིག་བསྡུས་ནས“དེ་དུས་བྱིས་པ་ཞིག་བཙས་ནས་ཁོ་དང་མཉམ་དུ་འཚོ་བ་རོལ་ཐུབ་ན་ཅི་མ་རུང་སྙམ་པ་ཡིན། དེའི་ཆེད་དུ་ངས་ཀྱང་ཐབས་ཤེས་མ་འཐེན་པའི་བསམ་པ་མེད། ཕྲུ་གུ་ལུས་ལ་མི་འཁོར་བ་དེ་ངའི་ལས་ཡིན་དུ་ཆུགས་ཀྱང་ངའི་སྐྱོན་ཅི་ལ་ཡིན། ཡིན་ཡང་། ཁོ་དང་ཁོའི་ཕ་མའི་མིག་ནང་ནས་དེ་ངའི་སྐྱོན་དུ་གྱུར་སོང་། ང་ལ་དམའ་འབེབས་དང་མཐོང་ཆུང་། ཐ་ན་གཅར་རྡུང······”

མོས་ཤུགས་རིང་ཞིག་འཐེན་པ་དང་། མིག་མཐའ་ནས་འཛུམ་གྱིན་པའི་མཆི་མའི་རྡོག་པ་དག་གློག་འོད་ངོགས་ནས་འོད་ཀྲིག་ཀྲིག་བྱེད་མོད་གདོང་ལ་ལྷུང་དུ་མ་བཅུག་པར་ཕྱིར་བསྡུས། “ད་ལྟ་ཡང་བསྐྱར་གང་བསམ་གང་འདོད་ཀྱིས་འཚོ་བ་རོལ་ཆོག་པས། ད་ལྟ་སེམས་མི་སྐྱིད་པའི་དོན་དག་དེ་དག་གླེང་ནས་ཅི་བྱེད”ཟེར། ངས་ཀྱང་འཐད་པའི་བརྡ་ལ་མགོ་བོ་ལྡེམ་ལྡེམ་བྱེད་ཞོར། ལག་གཉིས་ཀྱིས་མ་ནེ་བསྐྱོར་ཞིང་མིག་ཟུང་ཕྱེ་མ་བཙུམ་གྱིས་ཁོ་མོར་བསམ་ཤེས་ཀྱི་ཉམས་བསྟན་པ་ཡིན།

ཡུད་ཙམ་ནས། “ཁྱེད་ཀྱིས་དྲན་ནམ། དྲང་མོར་བཤད་ན། ཁ་བ་བབས་པའི་ཞོགས་པ་དེར་ང་རང་དབྱངས་ཅན་མར་མཇུག་མཐའི་མཆོད་མཇལ་དང་། ཞོར་དུ་ཁྱེད་ལ་བདེ་མོ་འཇོག་ཏུ་ཡོང་བ་ཡིན་མོད། ཁྱེད་དང་དངོས་སུ་འཕྲད་རྗེས་ཅི་ཟེར་དགོས་པའང་ཤེས་མ་སོང་། ཉིན་དེ་དག་ཏུ་དབྱངས་ཅན་མས་ང་ལ་མགོན་སྐྱབས་གནང་ཡོད་མེད་བཤད་དཀའ་ནའང་། འདུ་ཁང་དུ་སྡོད་དུས་ངའི་ནང་སེམས་རང་ཤུགས་ཀྱིས་ལྷོད་ལ་བབས་ཏེ་རང་གི་ལས་དབང་དང་ལེན་བྱེད་ཐུབ་ཀྱིན་འདུག ཁྱེད་དང་ཕྲད་པའང་ལས་དབང་ཞིག་ཅི་ལ་མིན”ཟེར། ངས་ད་རག་བར་དུ་གོ་བའི་ཐ་སྙད་ལས་མང་ཤོས་ནི་ལས་དབང་ཡིན་པས། ང་རང་ལས་དབང་ལ་ཡིད་ཆེས་ལོས་ཡོད།

ངེད་གཉིས་ཟ་ཁང་ལས་ཕྱི་རུ་འགྲོ་དུས་ནམ་གུང་ལ་ཉེ་འདུག མོས“དུས་ཚོད་འཕྱི་བ་ལ། ཁྱེད་རང་ངའི་སར་འགྲོའམ”ཟེར།

ང་ལ་གློ་བུར་དུ་གྲང་འདར་ཞིག་བརྒྱབ་སྟེ་ལག་གི་ཁུག་མའང་ས་རུ་ལྷུང་ལ་ཁད་ཅིག་བྱས། ང་ལ་མཚོན་ན། སྐད་ཆ་འདི་ནི་གློ་བུར་བ་ཞིག་རེད་ལ། ཡང་ན་སེམས་ན་གྲ་སྒྲིག་ཅི་ཡང་མེད་པ་ཞིག་ཀྱང་མིན་ངེས། ཡིན་ཡང་། སོམ་ཉི་དང་དངངས་སྐྲག འགལ་ཟླ་སོགས་རྙོག་འཛིང་གི་ཚོར་བ་མང་པོ་ཞིག་ནང་སེམས་ནས་རྐྱ་འཐབ་པས་ངའི་ལུས་ཀྱི་རྩ་ཡོངས་རྫོགས་སྦྲིད་པར་བྱས།

མོ་མདུན་དུ་འགྲོ་བཞིན་འདུག ང་རང་སྨྲ་བ་མེད་པར་ལྗིད་ཏིག་ཏིག་གི་གོམ་པ་སྤོ་བཞིན་རྗེས་དེད་ནས་སོང་། གལ་ཏེ་རྒྱང་རིང་ན་མིག་ཅིག་ཡོད་རྒྱུ་ན། སྐབས་དེའི་སྣང་བརྙན་ནི་ན་གཞོན་བུ་མོ་ཞིག་གིས་གྲྭ་པ་ཞིག་ཐག་པས་བསྡམས་ནས་མདུན་དུ་འདྲུད་ཀྱིན་པ་དང་ཨ་ན་མ་ན་ཡིན་ངེས། ངས་གཟན་གྱིས་མགོ་བོ་གཅུད་ཅིང་། སྲུབས་ཀ་ནས་མཐའ་འཁོར་དུ་མི་ཡོད་མེད་ལ་བལྟས་པ་ཡིན། སྐབས་དེར་སྲང་ལམ་དུ་མི་ཐར་ཐོར་ལས་མི་སྣང་ལ། ཁོ་ཚོར་ངེད་གཉིས་ལ་བལྟ་བའི་ཁོམ་ལོང་མེད་པ་འདྲ།

མོས་ཁང་པའི་སྒོ་མོ་དལ་གྱིས་ཕྱེ་ཞིང་ཅོག་སྒྲོན་འཇམ་པོ་ཞིག་བཀར་བས། གཙང་ཞིང་གྲ་དག་པའི་ཁང་མིག་དེ་དང་དེའི་མཁའ་དབུགས་ཁྲོད་ཁྱབ་པའི་སྤོས་དྲི་ཞིམ་པོ་དེས་ངའི་བློང་བློང་བོར་གྱུར་པའི་སེམས་ཁམས་རིམ་གྱིས་ལྷོད་ལ་འབབ་ཏུ་བཅུག་ཅིང་། ངའི་ལྕགས་སྐུད་ལྟར་གྲིམ་པའི་དབང་རྩ་དག་ལའང་ངལ་གསོའི་གནས་སྐབས་ཅུང་ཟད་བྱིན།

ང་རང་འབོལ་ཁྲི་རུ་བསྡད་རྗེས། མོས་གྱང་ངོས་ཀྱི་བརྙན་འཕྲིན་ཆེན་པོ་དེའི་གློག་སྒོ་ཕྱེ་ཞིང་། ང་ལ་ཆུ་ཁོལ་ཕོར་བ་གང་ལྡུག་ཞོར། “འཛེམ་དོགས་མ་གནང་བར་ལྷོད་ལྷོད་ཀྱིས་ངལ་གསོས་ཏེ་གློག་བརྙན་ལ་ལྟོས་དང་། ངས་ལུས་ཁྲུས་ཤིག་བྱེད”ཟེར་ནས་རྒྱབ་ཕྱོགས་སུ་བུད་སོང་།

ཆུ་སྒོ་ཤག་སེར་སོང་བ་དང་ལྷན་དུ། ངས་སྐེ་དཀྱོགས་ནས་ཕྱི་ཕྱོགས་སུ་བལྟས་པར། ཆུ་རླངས་ཀྱི་ཟིལ་བས་བསྒོས་པའི་ཤེལ་གྱི་སྒོ་མོ་དེ་ལས་མངོན་ཡོང་བའི་མོའི་རབ་རིབ་ཀྱི་གཟུགས་དབྱིབས་དེ་མཐོང་བས། ངའི་སེམས་ནི་རྙི་ལས་ཤོར་བའི་བྱ་རྒོད་ཅིག་དང་འདྲ་བར་མོའི་རབ་རིབ་ཀྱི་གཟུགས་རིས་དང་དེ་ལས་མངོན་པའི་གཞོན་ཤའི་མཛེས་པ་དེའི་ཕྱོགས་སུ་འགོག་ཐབས་མེད་པར་ཤོར་སོང་།

མོས་ཁྲུས་ཁང་གི་སྒོ་ཕྱེ་བ་དང་ལྷན་དུ། ང་རང་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གིས་འབོལ་ཁྲི་ལས་ཡར་བསླངས་ཤིང་མོའི་ཕྱོགས་སུ་ཕུད་རྒྱག་ཅིག་བྱས་སོང་། ཨ་ཁ་ཁ། ད་ནི་ངས་མི་ལོ་ཉི་ཤུར་ལུས་ལ་སྦྱར་བའི་གཟན་ཤམ་དམར་པོ་དང་མོའི་མལ་ལྭ་དཀར་པོ་གཉིས་ངོ་བོ་གཅིག་ཏུ་འདྲེས་སོང་། དེ་ནི་ས་ཐག་རིང་པོ་ནས་བཞུར་ཡོང་བའི་གཙང་པོ་དཀར་དམར་གཉིས་ལུང་མདོ་ནས་མཉམ་དུ་འདྲེས་པ་ཇི་བཞིན། མོའི་བཀྲུས་མ་ཐག་གི་བརླན་ཤིག་ཤིག་གི་སྐྲ་ལོ་ངའི་གདོང་ལ་རག་པས། ངའི་མི་གཤིས་ཀྱི་གཏིང་ལ་སྦས་པའམ་ཡིབ་པའི་ཚོར་བ་རྣོན་པོ་ཞིག་གི་སྒོ་མོ་ཕྱེ་བ་དང་། ཚ་བེར་བེར་དང་འཇམ་མཉེན་མཉེན་གྱི་ཚོར་བ་དེས་ང་རང་གཞི་ནས་ཁྱུར་མིད་བཏང་སོང་། སྐབས་དེར་ངས་མོའི་བདེ་དགས་ཁེངས་པའི་མིག་ཟུང་ལས་དབྱངས་ཅན་མའི་ཞལ་རས་མཐོང་ཞིང་། དེ་ནི་བྱམས་བརྩེ་དང་གུ་ཡངས། བདེ་སྐྱིད། དྲོད་ཁོལ་གྱིས་ཕྱུག་པའི་ཞལ་རས་ཤིག་རེད་ཨང་།

མཚན་མོ་དེར། མོ་ནི་ཨ་མའི་པང་གི་བྱིས་པ་ཞིག་དང་འདྲ་བར་ངའི་ལག་པ་སྔས་སུ་བྱས་ནས་བདེ་བའི་གཉིད་དུ་ཡུར། ཡིན་ཡང་། ཆུང་དུས་ཕ་མ་དང་བྲལ་རྗེས་ཁེར་རྐྱང་དུ་ཉལ་བར་གོམས་པའི་ང་རང་རྦད་དེ་གཉིད་བོར་སོང་།

ཕྱི་ཉིན། ངས་ཚོང་ཟོག་ཐམས་ཅད་རླངས་འཁོར་དུ་བཞག་ནས་ལམ་ལ་ཆས་ཁར། མོས“ཁྱེད་དང་ལྷན་དུ་འཚོ་བ་རོལ་ཐུབ་ན་ཅི་མ་རུང”ཟེར། ངས“ང་ནི་གྲྭ་པ་ཞིག་ཡིན”ཞེས་པར། མོས་ཀུ་རེ་དང་བདེན་གཏམ་འདྲེས་མས“ཁྱེད་རང་ད་དུང་གྲྭ་པ་ཡིན་ནམ”ཟེར།

མོའི་དྲི་བ་དེ་ལས་ངས་རང་དབང་མེད་པར་རང་ལུས་ལ་ཞིབ་ལྟ་ཞིག་བྱས་པ་ན། རང་ཉིད་ཀྱིས་ད་རུང་གཟན་ཤམ་གྱོན་ཡོད་པ་ཤེས།

ངས་དགོན་པའི་ཚོང་འདྲུད་རླངས་འཁོར་བསྐོར་ནས་ལམ་ལ་ཆས། དྲི་བ་དེ་བློ་ངོར་ཡང་ཡང་འཁོར་བས། ལམ་བར་དུ་ཐེངས་ཁ་ཤས་ལ་རླངས་འཁོར་གཞུང་ལམ་ལས་མཐའ་རུ་འཆོར་ལ་ཁད་བྱས། 

དགོན་པར་འབྱོར་བའི་ཉིན་དེ་དག་ཏུ། ང་རང་ཟང་ཟིང་ལ་དགའ་བའི་མི་ཞིག་ནས་མི་ལ་འཕྲད་རྒྱུར་སྐྲག་པ་ཞིག་ཏུ་གྱུར་པས། དམིགས་བསལ་གྱི་དོན་དག་མེད་ན་གྲྭ་ཤག་གི་ནང་དུ་འཛུལ་ནས་བསྡད་པ་ཡིན། ཡིན་ཡང་། སྐབས་སྐབས་སུ་མལ་ཁང་གི་གྱང་ངོས་སུ་བཀལ་བའི་དབྱངས་ཅན་མའི་ཐང་ག་དེས་ཀྱང་ངའི་གསང་བ་ཅི་ཞིག་ཤེས་ཨེ་ཡོད་སྙམ་པའི་འཁྲུལ་སྣང་སྟེར་བས། ར་སྐོར་ནང་དུ་ཡར་འགྲོ་མར་འགྲོ་བྱས་ཏེ་རྣམ་གཡེང་མི་བྱེད་ཐབས་མེད་བྱུང་།

སྐབས་དེར་ངའི་སེམས་སུ་འབྲོག་ས་རུ་ཡོད་པའི་ཨ་མ་འཁོར་ཞིང་། གནས་སྐབས་དེར་ང་རང་སྐྱོན་ཆ་བཟོས་པའི་བྱིས་པ་ཞིག་དང་འདྲ་བར་མོའི་པང་ནས་ཡིད་ཚིམ་པ་ཞིག་ངུ་སྙིང་འདོད་བྱུང་། ཨ་ཅེ་དང་ནུ་མོ་གཉིས་སྔ་གཞུག་ཏུ་གནས་ལ་སོང་རྗེས་ཨ་མ་གཅིག་པུར་ཆགས་སོང་བས། ང་རང་དགོན་པར་ཡོད་དུས་སེམས་ཁུར་ཆེས་ཆེ་ས་ནི་ཨ་མའི་བདེ་སྡུག་ཡིན། ལོ་འགའི་སྔོན་ལ་ཕ་དྲིན་ཅན་པོ་འདས་རྗེས། ཨ་མས་ང་ལ“ངའི་གྲྭ་པས་དགོན་པ་ནས་ཆོས་ལ་འབད་པ་བྱོས་དང་། ངས་མིག་བཙུམ་རག་བར་དུ་ཁྱོད་ལ་བྲོ་ཆད་དུ་མི་འཇུག་ཁོ་ཐག་ཡིན”ཞེས་ང་ལ་སྙིང་ཕུར་བརྡབས། ང་རང་ལོ་བརྒྱད་ཀྱི་སྟེང་ཅི་ཡིན་འདི་ཡིན་མ་ཤེས་པར་ཨ་ཕས་དགོན་པར་བསྐྱལ་བ་ནས་བཟུང་དགོན་པའི་སྒྲིག་ལམ་དང་གྲྭ་པའི་ཚུལ་ཁྲིམས་དཔྲལ་བའི་མིག་བཞིན་བསྲུངས་པས། སྡེ་མི་རྣམས་ཀྱིས་སྐབས་རེར་ཨ་མ་ལ“ཁྱོད་ལ་འདི་འདྲའི་གྲྭ་པ་ཡ་རབས་ཤིག་ཡོད་པ་ནི་སྐྱེ་བ་སྔོན་མའི་ཚོགས་བསགས་དང་སྐྱེ་བ་འདི་ཡི་བསོད་ནམས་རེད”ཟེར་དུས། མོ་རང་ཧ་ཅང་ཡིད་ཚིམ་ནས་ཡོད།

ཟླ་ཕྱེད་ཀྱི་རྗེས་སུ། ངས་མི་སྐྱའི་ལྭ་གོན་ནས་ཁྱིམ་གྱི་སྒོ་ནང་ནས་ཡར་འཛུལ་དུས། ཨ་མ་སྔོན་ལ་ཁ་གདངས། དེ་ནས་ངུ་ངག་གིས་ཅི་ཞིག་བཤད་རྩིས་ཀྱིས་མ་ཁ་ཀྲབ་ཀྲབ་འགའ་བྱས་རྗེས་ཧོན་ཐོར་སོང་། ངས་མྱུར་མོར་མོའི་ཁ་ནང་དུ་ཆུ་ཉུང་ཙམ་བླུགས་རྗེས་མགོ་བསྐྱོར་ནས་བསྡད། རེ་ཞིག་དྲན་པ་སོས་རྗེས“ཨ་ཁ་ཁ། གནམ་རྒན་མ། བྱ་འདི། ངའི་ལས་འདི། མིག་རྫོད་འདི”ཟེར་ཞོར་ཤུ་རིང་འཐེན་ནས་འདུག་པ་ལས་སྐད་ཆ་ཆ་ཚང་གཅིག་ཀྱང་ཐོན་མ་སོང་།

མཚན་མོ་དེར། ཨ་མས་ང་ལ་ཞུ་བ་ཟེར་ནའང་འདྲ། འཇིགས་སྐུལ་ཟེར་ནའང་འདྲ། ང་རང་གཟན་ཤམ་གོན་ནས་ཕྱིར་དགོན་པར་མི་འགྲོ་ན་མོ་རང་བསད་པ་དང་ཁྱད་མེད་ཟེར། ང་རང་ཐབས་ཟད་ནས་ཨ་མ་ལ“ད་ནས་བཟུང་ང་རང་དགོན་པར་འགྲོ་བའི་ཐོབ་ཐང་མེད”ཅེས་ཁ་གསལ་པོར་བཤད་པས། མོ་རང་སྐད་ཅིག་ཏུ་ལོང་ཐག་ཆད་པའི་ཁུར་བོ་ཞིག་དང་འདྲ་བར་ངུ་སྐད་རིང་མོ་ཞིག་དང་བཅས་ས་རུ་འགྱེལ་སོང་། དེ་ནས་བསྟུད་མར་ཉིན་གསུམ་ལ་ཨ་མ་ཉལ་སར་ལྷུང་ཞིང་ཟས་ཀྱི་ཡི་གའང་ཆད།

ཉིན་དེ་ནས་བཟུང་། ང་རང་སྒོ་ཕྱི་ཁྱིམ་གང་དུ་སོང་ཡང་རྒྱུན་པར་ང་ལ་གུས་གུས་ཞུམ་ཞུམ་དང་འཛུམ་དམུལ་དམུལ་གྱིས་བསྙེན་བཀུར་བྱེད་པའི་རུ་སྐོར་དང་སྡེ་མི་ཚོའི་མིག་ལམ་ནས་ཟོག་ཁྱུའི་ནང་གི་བ་གླང་དང་ལུག་ཁྱུའི་ནང་གི་ར་ལྟར་གྱུར་ཏེ་ཡི་མ་རངས་པའི་མིག་མདངས་ཀྱིས་ལྟ་ཞིང་། མངོན་ལྐོག་གང་རུང་ནས་ཁོང་དགོད་ལྷུག་ལྷུག་གིས“ཚོགས་ཆེན་འདུ་ཁང་ནང་ནས་ཨོང་ཤ་ནའམ”“དོར་མ་གོན་ན་ལོབས་ཀྱིན་འདུག་གམ”“འཇིག་རྟེན་འཁོར་བར་དེ་འདྲ་སྐྱོའམ”སོགས་ཀྱི་ཟུར་ཟ་དང་འཕྱ་དམོད་ཀྱི་སྐད་ཆ་ནི་རླུང་ནང་གི་བྱེ་མ་ཇི་བཞིན་མཚམས་མི་ཆད་པར་ཕྱོགས་ཕྱོགས་ནས་རྣ་བའི་བུ་གར་འཚངས་ཡོང་བ་ལས། ང་རང་གློ་བུར་དུ་ཁོ་ཚོའི་མིག་ནང་ནས་དགའ་ས་ཞིག་ནས་སྡང་ས་ཞིག་དང་། བཀུར་ས་ཞིག་ནས་འཕྱ་ས་ཞིག བཟང་པོ་ཞིག་ནས་ཐ་ཤལ་ཞིག་ཏུ་གྱུར་པའི་སྣང་བ་སྟེར།

ཉིན་འགའ་འགོར་རྗེས་ཨ་མ་ཡར་ལངས་ཐུབ་སོང་མོད། ད་དུང་ང་ལ་ཁ་ཡ་ཡག་པོ་ཞིག་མི་བྱེད། ཡིན་ཡང་། ཁ་ནང་ནས“བླ་བསྒུལ་སོང”སོགས་ཀྱི་ཚིག་རེ་བཤད་པ་ལས་ང་ལ་དགོན་པར་སོང་ཞེས་ཨུ་ཚུགས་མ་བྱས།

མི་ཁ་དང་ཟུར་ཟ་དེ་དག་གིས་ཁྱེར་ཡོང་བའི་སུན་སྣང་ལ་གཞོལ་བའི་ཆེད་དུ། ད་ནངས་ང་རང་གྲོང་རྡལ་དུ་ཡོང་བ་ཡིན། མི་ཉུང་སའི་དབེན་འཇགས་ཀྱི་སྲང་ལམ་ཞིག་ཏུ་དམིགས་ཡུལ་ཅི་ཡང་མེད་པར་འཁྱམས་ནས་སྡོད་སྐབས། ཁ་པར་གྲག་བྱུང་།

“ང་ལ་གཏམ་བཟང་ཞིག་ཡོད”མོར་དགའ་ཚོར་ཆེན་པོ་ཞིག་སྐྱེས་འདུག

ངས་ཅི་མི་སྙམ་པའི་ངང་ནས་ཅི་རེད་ཅེས་དྲིས་པར།

“ང་རང་ཨ་མར་གྱུར་སོང་།”

ངས་རང་གི་རྣ་བར་ཡིད་མ་ཆེས་པར་ཡང་བསྐྱར“ཅི་ཟེར”ཞེས་ཤོར།

“ཁ་སང་བརྟག་དཔྱད་བྱས་པར་ང་ལ་མངལ་འཁོར་འདུག”

ངས་དབང་མེད་དུ“བུ་མོ་ཞིག་ཡིན་ན་མིང་ལ་དབྱངས་ཅན་ལྷ་མོ་འདོགས་རོགས”ཞེས་བཤད།

མོས“མིང་དེ་སྙན་པ་ལ། དེའི་དོན་ཅི་རེད”ཟེར།

“དབྱངས་ཅན་མའི་མཚན་གཞན་ཞིག་རེད།”

མོས་ཀུ་རེས་ཚུལ་གྱིས“ཁྱེད་རང་དབྱངས་ཅན་ལྷ་མོའི་ཨ་མར་བལྟ་རུ་ཡོང་ངམ”ཟེར།

“ང་དེ་རིང་ཐོན་ཡོང་།”

མོ་ཡིད་ཆེས་ལ་མ་ཆེས་ཁད་ཀྱིས“ད་དུང་གཟན་ཤམ་གྱོན་ནས་ཡོང་ངམ”ཟེར།

“ང་སླེབས་ན་ཁྱེད་ཀྱིས་ཤེས་ངེས།”

ངས་དེ་ལྟར་ཀྱལ་ཀ་བཤད་རྗེས། སྨུག་ལོང་ཁྲོད་དུ་མགོ་འཁོར་བའི་བྱིས་པ་ཞིག་གིས་གློ་བུར་དུ་རང་ཁྱིམ་གྱི་སྦྲ་གུར་མཐོང་བ་ལྟར་རླངས་འཁོར་ས་ཚིགས་སུ་ཤར་མར་བརྒྱུགས། །

རྩོམ་པ་པོ་ངོ་སྤྲོད།

མགར་ཚེ་དོན། དངོས་མིང་ལ་ཚེ་རིང་དོན་གྲུབ་ཟེར། 1995ལོར་སྐྱེས། མཚོ་སྔོན་མཚོ་ལྷོའི་མི། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་གཉེར་བཞིན་ཡོད་ལ། རྒྱུན་པར་དཔེ་ཀློག་དང་རྩོམ་འབྲིར་དགའ་བོ་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།