བོད་རང་སྐྱོང་ལྗོངས་ཀྱི2024ལོའི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་གཙོ་བོ་ལྷ་སར་སྤེལ་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཚེས25ཉིན་གྱི་སྔ་དྲོར།“ཁ་དན་ཚིག་གནས་དང་གྲོན་ཆུང་བསྲི་ཚགས་བྱས་ནས་བཟའ་བཅའི་བདེ་འཇགས་མཉམ་དུ་སྤྱོད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི2024ལོའི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་ནས་གཟིགས་ཞིབ་གནང་།

བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་། ལས་རིགས་མཐུན་ཚོགས། བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་སོགས་ཚན་པ60ཙམ་གྱིས་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་དང་། བདེ་འཇགས་བཟའ་བཅའ། བདེ་འཇགས་འཛད་སྤྱོད་སོགས་ཐད་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འགན་བཅོལ་དང་། བཟའ་བཅའི་བདེ་འཇགས་ཀྱི་སྤུས་ཚད་དོ་དམ། བཟའ་བཅའི་བདེ་འཇགས་ཀྱི་གཙོ་གཞི་འགན་འཁྲི་དོན་འཁྱོལ་སོགས་ངོ་སྤྲོད་བྱས་ཏེ། གྲོང་མི་ཚོས་བཏོན་པའི་གནད་དོན་ལ་ལན་བརྒྱབ་པ་རེད། དེ་དང་ཆབས་ཅིག་འགྲོ་འོང་བྱེད་མཁན་གྲོང་མི་གདན་དྲངས་ཏེ་བཟའ་བཅའི་བདེ་འཇགས་མཉམ་བཅོས་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ཁས་ལེན་གྱང་ལྡེབས་ཐོག་མིང་རྟགས་བཀོད་ནས་ཁས་ལེན་བྱས་པ་དང་འབྲེལ་དམངས་ཕན་མྱུར་བཤེར་ས་ཚིགས་བཙུགས་ནས་གྲོང་མིས་ཉོས་པའི་བཟའ་བཅར་ཡུལ་དངོས་སུ་བཟའ་བཅའི་བདེ་འཇགས་ཞིབ་དཔྱད་ཚད་ལེན་བྱས།

ཤེས་གསལ་ལྟར་ན། ཚོགས་ར་གཙོ་བོའི་བྱེད་སྒོ་མཇུག་འགྲིལ་རྗེས། བྱེད་སྒོ་གཞན་དག་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་ཡིན་པའི་ནང་། རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་བློ་ཡིད་ཚིམ་ཚད་བརྟག་དཔྱད་དང་། “ཁྱེད་ཀྱིས་བདམས་པར་ངས་ཞིབ་བཤེར་བྱེད”དང“ཁྱེད་ཀྱིས་བདམས་པར་ངས་རྩད་གཅོད་བྱེད”པའི་བྱེད་སྒོ། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་ཚུད་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།