རྨས་ཕོག་པའི་མི། འཇུ་སྐལ་བཟང་།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

རྨས་ཕོག་པའི་མི་དེ།

ན་ཟུག་ཆེ་བའི་ཕྱིར་དྲན་ཐེངས་ཤིག་ལས་ཡར་ལ་ལངས།

གད་སྐྱིབས་དེ་ན། ཟུངས་ཁྲག་མང་པོ་བཞུར་ཡོད།

རྨས་ཕོག་པའི་མི་དེས།

ལག་པ་ཡ་གཅིག་གིས་རྨ་ཁ་མདན་ཏེ།

སྲང་ལམ་དུ་མགོ་འཕང་མཐོ་བར་འགྲོ་མོད།

ལྟག་ཁུང་ན་མིག་ཅིག་དོད་ཡོད།

རྨས་ཕོག་པའི་མི་དེ།

རྟག་པར་རྨི་ལམ་ལས་དངངས་སད་རྒྱག་ཅིང་།

རྒྱུ་མཚན་མེད་པར་ཆུང་མ་ལ་ཚིག་མཚོན་འདེབས།

རྨས་ཕོག་པའི་མི་དེ་གཅིག་པུར་གནས་ཚེ།

ལྕགས་ལེབ་ལྟར་མཁྲེགས་པའི་ངོ་གདོང་ཞིག

མཚན་ཕྱེད་ཀྱི་ཆང་ཕོར་ཁ་རུ་བསྐྱོན་ཏེ།

རྟག་པར་གད་སྐྱིབས་དེ་རུ་འགྲོ།

བཟོད་སྲན་གྱི་ཨམ་གཙིགས་ཕ་ལོང་བཞིན་བསྡམས་པ།

གློ་བུར་ལ་འཐོར་ཞིག་ཏུ་འགྲོ་བར་དོགས་ཏེ།

རྨས་ཕོག་པའི་མི་དེ་ལ།

བསྡད་ཀྱིན་འཇིགས་སྣང་ཞིག་འོང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།