མཁའ་འགྲོའི་གཟུགས་རིས། འཇུ་སྐལ་བཟང་།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

མཛེས་སྡུག་དར་གྱི་ཤམ་བུ་ལྷབ་ལྷུབ་ཏུ་གཡོ་བཞིན།

ལྕུག་ཕྲན་ལུས་ཀྱི་ཟློས་གར་ནམ་མཁའ་ན་སྒྱུར་བ།

ཨེ་མ་མཁའ་ལ་རྒྱུ་བའི་འཆི་མེད་ཀྱི་བུ་མོ།

མཛེས་སྡུག་གི་བཞིན་དཔལ།

ཉ་གང་གི་ཟླ་དཀྱིལ།

དཀྱུས་རིང་གི་ཟུར་མིག

མེ་ཏོག་གི་མདའ་གཞུ།

འཁྲིལ་བག་གི་སྐེད་སྐབས།

ཤེལ་དཀར་གྱི་བུམ་མགུལ།

མཁྲང་རྒྱས་ཀྱི་འོ་འཛིན།

སྨིན་ལེགས་ཀྱི་ཨ་མྲ།

ད་དུང༌།

རིན་ཆེན་དོ་ཤལ།

གསེར་གྱི་གདུབ་ཀོར།

ནོར་བུའི་མེ་ལོང… …

ཨ་ལ་ལ་མཛེས་སྡུག་གི་དྭངས་མ།

མཉེན་ཞིང་ལྕུག་པ།

དཔུང་བའི་འཁྲི་ཤིང༌།

ཕྲ་ཞིང་ལྡེམ་པ།

སོར་མོའི་པད་རྩ།

མཛེས་ཤིང་འཛུམ་པ།

བིམ་པའི་མཆུ་སྒྲོས།

ཟབ་ཅིང་དམའ་བ།

ལྟེ་བའི་པད་མ།

ད་དུང༌། ཕྲ་ཞིང་དྲང་བའི་སྨྱུག་རིས།

བཀྲ་ཞིང་བཀྲག་པའི་ཚོན་མདངས།

གྲུང་ཞིང་འགྱུ་བའི་གསོན་ཉམས… …

ཨ་ཧོ་ཧོ་སྒྱུ་རྩལ་གྱི་ཡང་རྩེ།

ལྷ་ཡི་མཛེས་ཆོས་དེ་རྫོགས་ཀྱང་ཆོག་གི

མི་ཡི་འགྱུར་བག་དེ་ག་ནས་རྙེད་དམ།

མཁའ་འགྲོའི་ཆ་བྱད་ནི་མཛེས་ཀྱང་ཡིན་གྱི།

དྲི་ཟའི་འཇོ་སྒེག་འདི་སུ་ཡིས་གནང་བྱུང༌།

མཛེས་སྡུག་སྣ་གཅིག་གི་ཡང་རྩེར་འཕགས་ཀྱང༌།

ཀུན་གྱི་ཉིང་བཅུད་འདི་ཇི་ལྟར་བསྡུས་སམ།

ཨོ—ལེགས་སོ—ཡིན་ནོ—བདེན་ཏོ།

ལྷ་ཡི་བཀའ་ལུང༌།

མི་ཡི་ངལ་རྩོལ།

མི་མིན་གྱི་རྫུ་འཕྲུལ།

རྒྱ་ཡི་བཟོ་བཀོད།

བོད་ཀྱི་སྒྱུ་རྩལ།

མི་ཉག་གི་མཛེས་འདོན… …

ད་གཟོད་ཁྱོད་ཁྱོད་དུ་གྲུབ་པོ།

ཀྱེ་ཀྱེ་མཚར་སྡུག་ཡེ་ཤེས་ཀྱི་མཁའ་འགྲོ

ཁྱོད་ཀྱི་ཐུགས་ཀྱང་ཁྱོད་ལུས་དང་འདྲ་བར།

མི་སྡུག་ར་རིའི་དྲི་མ་དང་བྲལ་སྙམ།

མི་ཤིགས་གདེང་ཞིག་ཁོ་བོ་ཡིས་རྙེད་དེ།

བདེན་པ—བྱམས་པ—མཛེས་པ།

རྣམ་གསུམ་ལྷན་སྐྱེས་ཉིད་ནས།

གཉེན་དུ་སྡེབ་པ་འདིས་སོ།

དེས་ན་ཁྱོད་ཀྱི་སྙན་དུ།

ཞུ་བྱ་འདི་ཙམ་མཆིས་ཏེ—

ནམ་ཞིག་གདོང་བ་བཞི་ལྡན་ཚངས་པའི་བུ།

ཁེངས་པའི་ཉམས་ཀྱིས་ཁྱོད་ཀྱི་མདུན་དག་ཏུ།

འཇིག་རྟེན་བྱེད་པོ་ཁོ་བོ་འབའ་ཞིག་ཅེས།

རྒྱགས་པའི་གཏམ་གྱིས་སྲིད་པ་འགས་བྱེད་ཚེ།

མཆུ་སྒྲོས་ཀྱི་བུམ་བཟང་ནས།

བདེན་གཏམ་གྱི་བདུད་རྩིའི་རྒྱུན།

ཤར་མ་རུ་འཇོ་བྱེད་ན།

ངེས་དོན་གྱིམཁའ་འགྲོ་ཉིད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།