ཨ་ཙི་གཞན་ཚོ་ཚིག་པ་ཟ་ལས་ཆེ།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

རྩོམ་པ་པོ།  དགེ་འདུན་ཆོས་འཕེལ།

ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིང་དང་།།

ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས།།

ག་ས་གང་དུ་ཡོད་པའི་མི་འདི་རྣམས།།

ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང་།།

ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་།།

ཆ་ལུགས་ཞི་དུལ་གནང་བ་ཁོང་ཚོ་ཡང་།།

ཇ་མར་གོས་དང་པད་ཤག་མཐོང་བའི་ཚེ།།

ཉ་པ་རྒད་པོའི་སེམས་དང་ཁྱད་མི་འདུག

ཏ་རེན་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།།

ཐ་མལ་མི་རྣམས་གཡོ་དང་སྒྱུ་ལ་དགའ།།

ད་ལྟའི་ཕལ་ཆེར་ཐ་མག་ཆང་ལ་དགའ།།

ན་གཞོན་རྣམས་ནི་མཆོར་སྒེག་ཉམས་ལ་དགའ།།

པ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་།།

ཕ་རོལ་རིགས་མ་མཐུན་ལ་སྡང་བ་སོགས།།

བ་ལང་དང་ནི་རང་རེའི་མི་རྣམས་ཀྱི།།

མ་བཅོས་སེམས་ཀྱི་རྒྱུ་དག་གཅིག་པར་མཐོང་།།

ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན།།

ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན།།

ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།།

ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།།

ཞྭ་མོ་ཆོས་གོས་བ་དན་བླ་བྲེ་དང་།།

ཟ་རྒྱུ་འཐུང་རྒྱུའི་མཆོད་པ་ཚོགས་འཁོར་སོགས།།

འ་ཅག་རྣམས་ཀྱིས་ཅི་དང་ཅི་བྱེད་པ།།

ཡ་མཚན་ལྟད་མོ་ཙམ་ལས་གཞན་མ་མཐོང་།།

ར་ཁང་ཁྱི་ཁང་ནང་དུ་སླེབས་པ་བཞིན།།

ལ་ལུང་གང་ན་བདེ་སྐྱིད་མི་འདུག་ཀྱང་།།

ཤ་ཁྲག་སྒྱུ་མའི་ལུས་འདི་མ་འཇིག་བར།།

ས་སྟེང་འདི་རུ་མི་སྡོད་ཀ་མེད་ལགས།།

ཧ་ཅང་དྲང་པོར་བཤད་པ་དེ་འདྲ་སྟེ།།

ཨ་ཙི་གཞན་ཚོ་ཚིག་པ་ཟ་ལས་ཆེ།།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།