ནམ་མཁར་རྒྱུ་བའི་སྙིང་སྡུག་མ།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

(རྐང་ཚ)  སེང་རྡོར།

ཁྱོད་རང་མཚན་མོར་སྐར་མའི་ཐོག་ལངས་ཏེ།།

ས་ཡི་གོ་ལར་བལྟས་ན་ཐག་རིང་བས།།

ང་ཡི་སྡོད་ཁང་རིག་རྒྱུ་མ་རེད་མོད།།

རྒྱང་རིང་རྒྱང་རིང་ཞིག་ན་འོད་ཐིག་ཅིག།

གཡོ་ཙམ་གཡོ་ཙམ་བྱེད་པ་མཐོང་ངེས་ཡིན།།

དེ་ནི་ང་ཡི་ཁང་བའི་སྒེའུ་ཁུང་ཡིན།།

སྐབས་དེར་ང་རང་གདན་སྟེང་གན་རྐྱལ་བསྡད།།

རྣ་ཉན་རྣ་ནང་བཙུགས་ནས་གླུ་གཞས་མཉན།།

གླུ་དེའི་གླུ་ཚིག་སྙན་རྒྱུ་མེད་ན་ཡང་།།

དབྱངས་ནི་སྟོང་གསུམ་འོད་ཀྱིས་ཁྱབ་པ་ལྟར།།

བཤད་ཀྱང་བཤད་མི་ཤེས་པའི་བྲོ་བ་སྟེར།།

ཁྱོད་ཀྱིས་ལོ་ཟླ་མང་པོ་མང་པོའི་རིང་།།

སྐར་མ་མང་པོ་མང་པོའི་སྟེང་འཕུར་ནས།།

ས་ཡི་གོ་ལའི་ང་ལ་བྱ་ར་བྱེད།།

གནས་འདིར་ཁངས་ཆར་འབབ་ཅིང་རླུང་ལྡང་དུས།།

ཁྱོད་ཀྱིས་མཐོང་བའི་འོད་ཐིག་མག་མོག་ཡིན།།

མག་མོག་དེ་ཡང་ཁྱོད་ཀྱིས་ང་རུ་བསྒོམས།།

དེ་ལྟར་ང་ནི་ས་ཆེན་ཐོག་བསྡད་ནས།།

ཁྱོད་ཀྱི་ཕྱོགས་སུ་འོད་བརྡ་ཙམ་ཞིག་བརྒྱབ།།

ཁྱོད་ནི་བར་སྣང་ཁམས་ཀྱི་སྐར་ཕྲན་སྟེང་།།

བསྒོངས་ནས་འོད་ཐིག་ཙམ་དེ་མིག་གིས་འཚོས།།

ཞག་ཅིག་ཁྱོད་ཀྱི་རྒྱང་གི་འོད་ཐིག་དེ།།

མེད་པར་གྱུར་ཏེ་སླར་ཡང་མཐོང་མ་གྱུར།།

དེ་ནི་ང་རང་ཤིན་ཏུ་རྒས་གྱུར་ཏེ།།

ཚེ་ཡི་འཕེན་པ་གློ་བུར་བཏང་བས་ཡིན།།

དེ་ནས་བཟུང་སྟེ་ཁྱོད་ཀྱང་སྐར་མའི་སྟེང་།།

ལ་ལས་ཡོད་ཟེར་ལ་ལས་མེད་ཟེར་ཏོ།།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།