རྒྱང་དུ་ལོག་མི་ཐུབ་པའི་མི།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

བྲག་རྡོ། (མཚོ་བྱང)

འཁྲེང་ཞེན་གྱི་གཙང་བོ་རྒྱང་ནས་རྒྱང་དུ་བཞུར།

སྨོན་ལམ་གྱི་སྨུག་པ་ཐང་ཆེན་གྱི་དཀྱིལ་དུ་ལྷུང་།

རང་བྱུང་ཁམས་ཀྱི་འགྱུ་བག་འདི་དག་གིས།

དྲན་གདུང་ལ་གོད་ཆག་ཐེབས་པའི་མི་དག

སྡུག་བསྔལ་གྱི་གྲོག་རོང་དུ་གཡུགས་ཀྱིན་འདུག་ཨང་།

ལོ་ཟླ་རྒྱང་དུ་བཞུད་སོང་ན།

བརྩེ་དུང་གི་ནམ་མཁའ་ནམ་ཡང་ཁེར་རྐྱང་རེད་དེ།

བྱ་ཁྱུའི་གཤོག་འགྱུར་དང་སྤྲིན་པའི་འདུ་ལོང་མི་འདུག

སྟོང་བའི་ཁམས་ཆེན་པོ་འདི་ལ།

ང་ཚོས་མྱ་ངན་གྱི་ཞུ་ཚིག་འབུལ་དགོས་སམ།

བོར་སྟོར་ཐེབས་པའི་སེམས་པ་འདི་ལ།

མུན་ནག་གིས་བཙན་འཛུལ་ཐེབས།

ལག་པ་རྒྱང་དུ་བསྲིངས་ཀྱང་ཁྱོད་སར་རེག་ཐུབ་མི་འདུག

སེམས་པ་ཁྱོད་སར་བཅར་ཀྱང་ཁྱོད་ཀྱིས་ཚོར་གྱིན་མི་འདུག

རྣམ་ཤེས་ཀྱི་འཕོ་ཉུལ་འདི་ཡིས།

ཁྱོད་ཀྱི་རྨི་ལམ་ལ་འབོད་སྐུལ་གཏོང་གིན་འདུག

དུས་ཚོད་ཀྱིས་རྒྱང་དུ་འཁྲིད་སོང་བ་དག

ཁེར་རྐྱང་ངང་རྒྱང་དུ་བསྐྱུར་བ་ལས།

རེ་སྒུག་གི་རླུང་ཆེན་ཅི་ལྟར་གཡུགས་ནའང་།

ལས་འབྲས་སྨིན་ཐབས་མེད་པ་འདྲ་སོང་།

ཕུགས་བསམ་ཞེས་རང་སེམས་གསོས་ཀྱང་དགོས་པ་མི་འདུག

ལས་དབང་ཞེས་རང་སེམས་བསྐུལ་ཀྱང་སྙིང་བོ་མི་འདུག

འཁོར་བའི་སྙིང་བོ་རྙེད་ཐབས་མི་འདུག

རང་ལམ་རང་གིས་བཙལ་བ་ནོར་ཀྱང་ནོངས་ས་མི་འདུག

རང་བློ་རང་ལ་གསལ་བ་རང་གིས་བརྗོད་ཐབས་མི་འདུག

གསོན་པའི་སྙིང་བོ་གང་ཡིན་ཤེས་ཐབས་མི་འདུག

ནང་སེམས་ཀྱི་འཇིག་རྟེན་དུ།

ཁྱོད་ཀྱི་རྒྱབ་གཟུགས་དང་སྐད་ཆ་སྦས་ཡོད།

ལང་ཚོ་དང་ལས་ཀྱི་མཇལ་འཛོམས་བསྐུང་ཡོད།

རེ་སྒུག་དང་ཕངས་སེམས་ཉར་ཡོད།

རྒྱང་དུ་ལོག་མི་ཐུབ་པའི་མི་ལ།

རྨི་ལམ་གྱི་གཏིང་དུ་སིམ་ཡོད།

བརྩེ་བ་དང་དྲན་གདུང་གི་ལས་ལ་འཐིམ་ཡོད།

གོམ་ཁ་རྒྱང་དུ་ཕྱོགས་ན་བསམ་ཀྱང་།

ཞེ་སེམས་ག་ལེར་འཁྲུག་ཡོང་།

རང་ཉིད་ཀྱི་རྨི་ལམ་དང་བརྩེ་བ་ཁོ་ན།

མཚན་ནམ་རིང་མོ་འདིའི་སོ་སྲུང་བ་ཡིན།

རྒྱང་དུ་ལོག་མི་ཐུབ་པའི་མི།

ནམ་ཡང་རྒྱང་དུ་ལོག་ན་བསམ་ཡོད།

2022 1 30ཉིན།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།