རང་།​ གཡང་བྱུང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རང་།

                                                        གཡང་བྱུང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

ཟླ་བ་མེད་པའི་ནུབ་མོ་ལ་བཀྲག་མདངས་ཤོར།

ཁྲི་གདུགས་མེད་པའི་ཉིན་དཀར་ལ་སྨག་རུམ་གཏམས།

ཡིན་ཡང་། ལོ་ལོ་ཟེར་ཐེངས་རེར།

ཁ་བའི་མེ་ཏོག་ལས་ཀྱང་དམར་གོར་རེ་ཕྱུང་།

འབྲུ་མི་གསལ་བའི་གཞས་ཆུང་ལ་ཡང་མངར་བའི་རོ།

བྱིའུ་དང་གཤོག་རྩལ་འགྲན་པར་ཕྱིན།

སྦྲང་ཆར་དང་རྩེད་འཇོ་རོལ་བར་ཤོར།

སྐབས་རེར། ཕྱིར་མིག་རེ་འཁོར་དུས།

དབང་རྩ་ཉམས་ནས་བླ་འཁྱམས་ལ་ཉེ།

མགོ་མཇུག་བར་གསུམ་བརླན་གྱིས་གཤེར།

 

 འཕོ་ཉུལ་ངེས་མེད་ཀྱི་གྲུ་ཆུང་ཞིག་ལས།

དྲི་ལྡན་མེ་ཏོག་སྣ་བརྒྱ་བཞད།

ད་དུང་། སྣ་བརྐྱངས་ནས་བསྣམས་པ་ན།

མངར་སྐྱུར་འདྲེས་མའི་དབུ་ཁྱུད་ཅིག་ཡོད་པ་མཐོང་།

ཐང་སྟོང་གི་ས་ལེབ་གཤིན་པོ་ཞིག་ཀྱང་མཐོང་།

གླང་ཆེན་དཀར་མོའི་གོམ་སྟབས་དང་སྦྲགས།

བག་ལ་ཉལ་བའི་ཁྲམ་བྱང་ཞིག་རྙེད།

ཏག་ཏག  མྱག་མྱོག་གི་འདམ་སྙིགས་ཁྲོད།

བོར་ཟིན་པའི་དབྱངས་རྟ་སྙན་མོ་ཐོས།

མ་ཟད། རླུང་ལ་བསྐུར་བའི་ཤོག་དྲིལ་ཞིག་ཀྱང་རྙེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།