ཁོག་པ་སྟོང་བའི་མི།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མུ་ནེ་སྐྱབས།

སྙིང་གི་ལྡིང་ཚད་མ་གོ་བར་ཡུན་རིང་འགོར་བའི་ལྡོམ་པོ་སྲང་ལམ་གྱི་བཞི་མདོ་རུ་སྨན་པ་ཀྲང་འཚོལ་དུ་འགྲོ་བཞིན་འདུག ཕར་བལྟས་ན་ཁོའི་ལུས་པོ་ཤིན་ཏུ་བདེ་ཐང་ཡིན་པ་འདྲ་ཞིང་། ནག་ཅིང་རིང་བའི་སྐྲ་ལོ་ལས་བུ་མོ་ཞིག་ཀྱང་ཡིད་ལ་དྲན་ཡོང་། ད་དུང་དམངས་སྒོར་ཉི་ཤུའི་རིན་གོང་གི་ཐ་མག་ཅིག་འཐེན་གྱིན་ཡོད་ལ།སྔོ་ལྷོག་ལྷོག་གི་དུ་བས་ཁོག་གི་གློ་བའང་ནག་པོ་ནག་རྐྱང་ཞིག་ཏུ་བསྒྱུར་ལོས་འགྲོ་སྙམ་ཡོང་མོད། ཁོའི་ངོ་ཤེས་འགས་བཤད་པ་བདེན་ན་ཁོ་ནི་ཁོག་པ་སྟོང་བའི་མི་ཞིག་ཡིན་ཟེར།

ལྡོམ་པོ་མུ་མཐུད་དུ་སྨན་པ་ཀྲང་གི་སྨན་ཁང་གི་ཕྱོགས་སུ་མ་སོང་བར་ཕྱིར་འཁོར་ནས་ཆང་ཁང་ཞིག་གི་ཕྱོགས་སུ་ཅེར་ནས་བསྡད། ཆང་ཁང་དེའང་ཏག་ཏག་སྨན་པ་ཀྲང་གི་སྨན་ཁང་གི་ཁ་གཏད་ན་ཡོད་ལ། ཁོ་རང་ཆང་ཁང་དེར་འཛུལ་ཐེངས་རེར་རང་གི་སྙིང་ཡང་ལྡིང་གིན་ཡོད་མེད་རྩ་བ་ནས་བརྗེད་འགྲོ་ལ། དེ་བས་ཀྱང་ཁོག་པའི་ནང་གི་མང་པོ་ཞིག་བོར་བར་གཏན་ནས་དོགས་པ་སྐྱེ་ཡི་མེད། ཡང་གཅིག་བཤད་ན་ཁོས་ཅི་བྱེད་དགོས་པ་མ་ཤེས་པའང་ཡིན་སྲིད།གང་ལྟར་འགུལ་ཙམ་ཡང་མི་བྱེད་པའི་བཟོ་ལྟ་དེས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་འདྲ་པར་ཞིག་ཡིད་ལ་དྲན་པར་བྱེད་ཅིང་།  འདྲ་པར་སྟེང་གི་ལྡོམ་པོ་ནི་སྲང་ལམ་གྱི་གཞས་པ་ཞིག་དང་ཧ་ཅང་མཚུངས་ནའང་། སྐབས་དེར་ཁོའི་ལག་ལ་མངའ་རིས་སྒྲ་སྙན་ཞིག་འཇོག་མཁན་མ་བྱུང་།

“ལྡོམ་པོ། དཔྱིད་ཀ་སླེབས་ནའང་། རླུང་བུ་སྔར་བཞིན་གྲང་བས་ཁྱེད་ཀྱིས་འདི་ན་ཅི་བྱེད་ཀྱིན་ཡོད།”

“ཅང་མིན།ཅང་མིན།ཁྱོད་དེ་རིང་གང་ལ་འགྲོ་བཞིན་ཡོད།”

“ང་གཞུང་དོན་ཞིག་གི་ཆེད་དུ་ཡོང་བ་ཡིན། སྲང་ལམ་གསུམ་པའི་བསྐྱར་དཔར་ཁང་གི་སྒོ་ཕྱེ་ཡོད་མེད་ཨེ་ཤེས།”

“མ་ཤེས།  ང་ཡུན་རིང་ལ་སྲང་ལམ་གསུམ་པར་སོང་མ་མྱོང་།”

གཞུང་དོན་ག་གེ་མོ་ཞིག་ཡོད་པ་ཡིན་ནམ། དཔལ་ལྡན་གྱིས་རང་གི་ལག་ཁུག་ནག་པོ་དེར་ཡང་ཡང་ལྟ་བཞིན་སྲང་ལམ་གསུམ་པའི་ཕྱོགས་བསྙེགས་ནས་བུད་སོང་།    སྲང་ལམ་གསུམ་པའི་ནང་དུ་འགྲོ་མཁན་ནི་ས་ཆ་འདིའི་མི་སྣ་ཆེན་པོར་རྩི་བཞིན་པ་དེ་དག་ཡིན་པས། དཔལ་ལྡན་གྱིས་ལྡོམ་པོ་ལ་ངོ་མཚང་བྲུས་པ་ལྟ་བུ་ཞིག་ཡིན་པའང་འདྲ་མོད། ལྡོམ་པོས་ཀྱང་དེ་ལ་ལན་དུ་ཡུན་རིང་ཞིག་ལ་སོང་མ་མྱོང་ཟེར་བ་ལ་དོན་དག་གཞན་ཞིག་ངེས་པར་ཡོད་སྲིད།

ལྡོམ་པོ་གྲང་བས་ཡིན་ནམ། ཁོའི་ལུས་པོ་ཅུང་འདར་གྱིན་འདུག་ལ། མིག་གིས་དཔལ་ལྡན་གྱི་རྗེས་སུ་ལྟ་བཞིན་ཐ་མག་རྔུབ་འཐེན་བྱེད།དུ་རྐང་གཉིས་ཙམ་འཐེན་རྗེས་ཆང་ཁང་གི་སྒོ་ཁར་སོང་ཞིང་དེ་ནས་ནང་དུ་མ་སོང་བར་མུ་མཐུད་དུ་མདུན་ཕྱོགས་སུ་སོང་། མདུན་ཕྱོགས་ནི་སྲང་ལམ་གཉིས་པ་ཡིན་པས་ཁོ་རང་དེ་རུ་འགྲོ་མི་འདོད། དེ་བས་ཁོ་རང་ཁ་ཕྱིར་འཁོར་ནས་ཡོང་།སྤྱིར་བཏང་སྲང་ལམ་གཉིས་པའི་ནང་དུ་མི་འདྲ་མིན་སྣ་ཚོགས་ཡོད་པ་ཙམ་ལས་ཁོ་ལ་དགྲ་བོ་ཡོད་པས་མིན།མི་མང་པོ་ཞིག་གིས་སྲང་ལམ་གཉིས་པའི་ནང་ནས་རང་ཉིད་དང་རང་ཉིད་ཀྱི་ཅ་ལག་སོགས་ཡང་ཡང་བོར་མྱོང་བ་དང་།བོར་ནས་ཀྱང་ཕྱིར་མ་རྙེད་པའི་གཏམ་རྒྱུད་མང་པོ་ཡོད་པས། ལྡོམ་པོས་རང་ཉིད་བོར་འགྲོ་བར་དོགས་པ་ཟོས་པ་ཁོ་ཐག་རེད།

སྐབས་དེར། བྱིས་པ་ཞིག་ལྡོམ་པོའི་ཕྱོགས་སུ་བརྒྱུགས་ཡོང་ནས་རང་ཉིད་ཕ་མ་དང་མཐུན་པོ་མེད་ཚུལ་དང་ཕ་མས་རང་ལ་རྩེད་ཆས་མི་ཉོ་ཚུལ།  ད་དུང་རྒན་པ་བཞིན་གནས་ལུགས་མང་པོ་ཤེས་དགོས་ཚུལ་སོགས་སྐད་ཆ་འདྲ་མིན་མང་པོ་ཞིག་བཤད་ཀྱང་། ལྡོམ་པོས“ང་ལ་སེམས་མེད། ཕར་སོངས”ཟེར་བ་ལས་ཅི་ཡང་བཤད་མ་བྱུང་། བྱིས་པ་དེས་ལྡོམ་པོ་ཡང་རང་ཉིད་ཀྱི་ཕ་མ་ལྟ་བུ་ཞིག་རེད་བསམས་ནས་ངུ་བཞིན་ཕར་བརྒྱུགས། བྱིས་པ་དེ་ཧ་ཅང་སྐྱོ་གདུང་གིས་ཕར་ལ་བརྒྱུགས་སོང་བ་དེས་ལྡོམ་པོ་ལ་དོགས་མི་བདེ་བའི་སྣང་བ་ཞིག་སྐྱེས་ནའང་། དོན་དག་མང་པོ་ཞིག་འགྱོད་གདུང་སྐྱེས་པ་ཙམ་གྱིས་སླར་གསོ་བྱེད་མི་ཐུབ་པ་རེད། དེ་བས།ཁོས་གྲོང་མཐའི་མཚོ་ཁ་དེ་ཡིད་ལ་དྲན་ཞིང་ཁོ་ལ་དེ་གར་འགྲོ་འདོད་ཀྱི་འདུན་པ་ཞིག་ངང་གིས་སྐྱེས།

མཚོ་རླབས་ཀྱིས་དེད་པའི་གྲུ་གཟིངས་ཀྱི་དུང་བརྡ་རིང་མོས་ཡང་དང་བསྐྱར་དུ་སུ་ཞིག་འབོད་པ་ལྟར་གྲག་ལ།ལྡོམ་པོ་དང་འདྲ་བའི་མི་ཚོགས་རྣམས་མཚོ་ཁ་རུ་ཅི་བྱེད་འདི་བྱེད་མེད་པར་བསྡད་འདུག ད་དུང་མཚམས་དང་མཚམས་སུ་རྣ་ལམ་ལ་གྲག་ཡོང་བའི་རླབས་སྒྲ་དང་ངང་ངུར་གྱི་སྐད་ནི་ལྡོམ་པོས་བརྗེད་ཐབས་བྲལ་བའི་སུ་ཞིག་གི་གླུ་སྐད་དང་མཚུངས་ཤིང་། དེ་ཡང་གླུ་སྐད་སྐྱ་བོའི་འགྱུར་ཁུག་དང་དེའི་ཁྲོད་ཀྱི་པདྨའི་ལས་དབང་ནང་བཞིན་སྐྱོ་གདུང་དང་སེམས་ཚོར་ཆེན་པོས་སྙིང་གི་འཕར་ལྡིང་མི་གོ་བའི་ལྡོམ་པོའི་བྲང་ཁ་དང་ཕྲད་དུས། ཟླ་བའི་འོག་ནས་སུ་ཞིག་གི་ལག་པ་གཏོང་མ་འདོད་པའི་ཕྱིར་དྲན་དག་ལྡོམ་པོའི་དོན་ལྔ་སྣོད་དྲུག་གི་དཀྱིལ་འཁོར་ལས་ཡང་ཡང་འཁྲུགས། ཁོ་གཞི་ནས་དལ་དལ་ལྷོད་ལྷོད་ངང་དུ་འདུག་བཟོད་བྲལ་བྱུང་།ཁོས་རྐང་མགོའི་ལྷམ་གཉིས་ཕུད་ཅིང་རྐང་རྗེན་དུ་མཚོ་ཁའི་བྱེ་ཐང་བརྒྱུད་ནས་འགྲོ་སྐབས། རྐང་འོག་གི་བྱེ་རྡུལ་ནི་ཁོ་དང་འདྲ་བར་སུ་ཞིག་གིས་ཕར་ལ་དེད་ཀྱང་ཅི་ཞིག་གིས་ཕྱིར་ཚུར་ལ་འཐེན་པ་དང་འདྲ་བྱུང་།

“རེ་འདོད་འགྲུབ་རྒྱུའི་དུས་ཚོད་ཅི་ཙམ་ཉེ་རུ་ཕྱིན་པ་དེ་ཙམ་གྱིས་ངའི་དོགས་པ་ཡང་ཆེ་རུ་ཕྱིན་སོང་།” ལྡོམ་པོས་སྐད་ཆ་དེས་རང་གི་འདས་དོན་གྱི་གསང་བ་རྣམས་སྦ་ཐབས་མེད་པ་དྲན་གསོས་ཤིང་། ཁ་ནས་དབང་མེད་དུ“ང་ཁྱེད་དང་ཅི་འདྲའི་ཁད་ཐག་རིང་བ་ལ་ཨང”ཞེས་ཤོར།སྐབས་དེར་མི་ཚོགས་ཀྱིས་ཁོ་ལ་མིག་བལྟས་སམ་ཡང་ན་དོ་སྣང་ཅུང་ཟད་བྱས་ན་ཆོག་མོད། ཁོ་ཚོ་སྔར་བཞིན་ཅི་བྱེད་འདི་བྱེད་མེད་པར་བསྡད་འདུག

“མཚར་སྡུག་ལྡན་པའི་འབྱུང་འགྱུར་གྱི་འོད་སྣང་ཁྱོད་ཚོའི་འཚོ་བའི་ཁྲོད་འཕྲོས་ཀྱང་རུང་། མདོར་དེད་ན་མི་ནི་སྔར་བཞིན་རོ་སྒམ་དུ་བཅུག་ནས་དུར་ས་རུ་འདེབས་དགོས”པ་རེད། ལྡོམ་པོར་མཚོན་ན། གོང་གི་སྐད་ཆ་དེ་ནི་སྐབས་འདི་འདྲ་ཞིག་ལ་དྲན་ན་ལྷག་ཏུ་སྙིང་བོ་ཡོད་པ་འདྲ་སྟེ། དེ་མིན་ན་ཁོས་རང་ཉིད་འཆི་དགོས་པའང་བརྗེད་ནས་བུ་མོ་དེ་ཁོ་ནའི་ཆེད་དུ་སྡུག་བསྔལ་སྐྱེ་ངེས་རེད། ད་ཡིན་ན་ཁོས་ཀྱང་སྐད་ཆ་དེའི་མཇུག་ཏུ“ང་ཁོ་མོ་དང་ལྷན་དུ་རོ་སྒམ་ཞིག་ལ་འཇུག་རོགས”ཞེས་ཞུ་བ་བྱས་ཀྱང་ཆོག དེ་ལྟར་དགུང་གི་ཉི་མ་སེར་པོའང་བུ་མོ་དེ་དང་འདྲ་བར་ལྡོམ་པོ་དང་ཁ་གྱེས་ལ་ཉེ་བས། མི་ཚོགས་ཀྱིས་མཐོང་ཐོས་སྐྱོ་བོ་དེར་བཟོད་སྲན་མ་ཐུབ་པ་དང་འདྲ་བར་རང་རང་གི་སྡོད་གནས་ཕྱོགས་སུ་བུད་སོང་། ད་ནི་ཁོ་རང་ཁེར་རྐྱང་དུ་གྱུར།

སྲང་ལམ་གྱི་གློག་སྒྲོན་ཁ་ཁེར་ཞིག་ལྡོམ་པོ་ལ་ཆེད་དུ་སྙིང་རྗེ་བསྒོམས་ནས་ས་མ་རུབ་སྔོན་ལ་བཀར་བྱུང་བས།ཁོས་དེ་ཡང་བུ་མོ་དེའི་ཕྲ་ཆུང་མིག་ལ་འཁྲུལ། གློ་བུར་དུ་གནམ་ངོ་འཁྲུགས་ནས་ཆར་བ་ཤག་ཤག་བབས། ཕྱི་རློན་ནང་རློན་གྱི་ལྡོམ་པོ་རང་གི་སྡོད་ཁང་གི་ཕྱོགས་སུ་དལ་བུར་ཡོང་བ་ན། བདག་པོ་མེད་པའི་ཁྱི་གུ་དང་ཞི་ལ་མང་པོ་ཁོའི་སྔུན་ནས་རྒྱུ་ཞིང་འགྲོ་ལ།  རྒྱབ་ནས་ཀྱང་བརྒྱུགས་པ་ན་ལྡོམ་པོ་ཅུང་སྐྲག་སྣང་སྐྱེས་ནས་ཉི་ཧོང་གི་འདྲེ་སྒྲུང་གློག་བརྙན་ཞིག་ཡིད་ལ་ཡང་ཡང་འཁོར།

ཉིན་དེར། ཁོ་རང་ལས་ཚོགས་གྲོལ་མ་ཐག་བུ་མོ་དེས་ཁོ་ལ་ཁ་པར་བཏང་ནས་གློག་བརྙན་ལ་བལྟ་རུ་འགྲོ་འདོད་ཡོད་པའི་རྒྱུ་མཚན་བཤད། སྐབས་དེར་ལྡོམ་པོའི་གློ་ཁུག་ནི་མུ་གེ་བྱུང་བའི་ལུང་སྟོང་ཞིག་དང་འདྲ་ནའང་། ཁོས་ཐབས་བཀོད་འཐེན་ནས་གློག་བརྙན་གྱི་པ་སེ་གཉིས་ཉོས་པ་མ་ཟད། ཆེད་དུ་འདྲེ་སྒྲུང་གློག་བརྙནསྡིག་པཟེར་བ་ཞིག་ལ་བལྟས། གློག་བརྙན་ཁང་ནས་བུ་མོ་དེས་སྐྲག་སྣང་མ་བཟོད་པར་ལྡོམ་པོའི་ལག་པར་འཇུས་པ་དང་དེ་ནས་སྐེ་ལའང་འཇུས་པས། འཇིག་རྟེན་མི་ཡུལ་ལ་ཡོང་ནས་བདེ་སྣང་ངོ་མ་ཞིག་ཐོབ་པ་ཐེངས་དེར་རེད། ཡིན་ན་ཡང་། གློག་བརྙན་ལ་བལྟས་ཚར་རྗེས་བུ་མོ་དེས་རྗེས་ཕྱོགས་ལྡོམ་པོ་དང་ལྷན་དུ་གློག་བརྙན་ལ་བལྟ་རུ་འགྲོ་རྒྱུ་མིན་ཚུལ་གྱི་སྐད་ཆ་མང་པོ་ཞིག་བཤད་པས། ལྡོམ་པོ་རང་གི་བྱས་ཉེས་ལ་འགྱོད་པ་དྲག་པོ་སྐྱེས།ཡིན་ཡང་དེ་ནི་འདས་ཟིན། བུ་མོ་དེར་མཚོན་ན་ལྡོམ་པོ་དང་ཁ་འབྲལ་དགོས་པ་ནི་ལྡོག་ཏུ་མེད་པ་ཞིག་རེད། ལྡོམ་པོ་ཕྱིར་སྡོད་ཁང་གི་སྒོ་ཁར་ཐོན་དུས་ཆར་བའང་འབབ་མཚམས་བཞག་འདུག ཁོས་ཅི་མི་སྙམ་པར་གང་ཞིག་ལ་བསམ་བློ་འཁོར་གྱིན་ཁང་པའི་ནང་དུ་འཛུལ།

སྒེའུ་ཁུང་གི་ངོས་ནས་ཐུར་ལ་བབས་པའི་ཆར་ཐིགས་ཀྱི་རྗེས་ཤུལ་ནི་ཁོའི་ཀྱག་ཀྱོག་གི་མི་ཚེ་དང་ཤིན་ཏུ་འདྲ་ནའང་། ལྡོམ་པོར་མཚོན་ན་དེ་ཡང་བུ་མོ་དེ་དང་གྱེས་ཁའི་མག་མོག་གི་རྒྱབ་གཟུགས་དང་འདྲ་སྟེ། རྒྱབ་གཟུགས་མག་མོག་གི་མཛེས་པ་ནིམི་ཆེན་གྱི་མེ་ཏོག་ལྡུམ་ར》④བཞིན་མི་མཛེས་པ་ནས་མཛེས་པར་གྱུར་ན་ཅི་མ་རུང་སྙམ།  ཡིན་ཡང་།འགྱུར་ལྡོག་ལ་སུས་ཀྱང་བཟོ་བཅོས་བྱེད་ཐབས་མེད་ལ།བཟོ་བཅོས་བྱས་པའི་འགྱུར་ལྡོག་ལས་མི་ཚེའི་སྙིང་བོ་རྙེད་ཐབས་བྲལ་བ་རྟོགས།

ཁོས་རང་གི་ཉལ་ཁང་གི་གྱང་ངོས་སུ་བཀལ་བའི་འདྲ་པར་རེ་རེར་མིག་བཤེར་བྱེད་ཀྱིན་མཚོ་འགྲམ་གྱི་མི་ཚོགས་བཞིན་ཅི་བྱེད་འདི་བྱེད་མེད་པར་ཁུ་སིམ་མེར་བསྡད།སྐབས་དེའི་སྲང་ལམ་ནི་ཏག་ཏག་ལྡོམ་པོའི་ཁོག་པ་དང་འདྲ་བར་གྲག་འགུལ་མེད་པར་གྱུར་ཅིང་། མུན་ནག་གིས་ཡོངས་སུ་བཟུང་བའི་འཇིག་རྟེན་འདིའི་མཚན་མོ་ནི་སྟོང་ཞིང་འཇགས་པར་གྱུར། ཁོས་འདྲ་པར་ལས་རྙེད་པའི་ཕྱིར་དྲན་རེ་རེ་ནི་བུ་མོ་དེ་དང་འབྲེལ་བ་ཅི་ཡང་མེད། ཡིན་ཡང་དེ་ནི་ཏག་ཏག་ཁོ་གཅིག་པུར་དབང་བའི་འདོད་འདུན་གྱི་ལམ་ཁ་དེ་ཡིན། འདོད་འདུན་གྱིས་ཁོ་རང་གསོན་དུ་བཅུག་པ་བཞིན་ཁོ་རང་འཆི་རུའང་འཇུག་སྲིད་པས།འགྲོ་མཚམས་བཞག་པའི་ལམ་དེ་ངེས་པར་བརྒྱུད་དགོས་པའི་བསམ་ཚུལ་ཡང་དྲག་ཏུ་སྐྱེས། ཁོས་རང་གི་གློ་ཁུག་ནང་གི་ཐ་མག་ཅིག་ལ་མེ་བསྒྲོན་པ་དང་། དུ་ཞགས་ཀྱིས་སུ་ཞིག་འཛིན་འདོད་ཀྱི་ཧམ་པ་ཡིས་ཁོའི་འཚོ་བའི་ཡང་སྙིང་མཚོན་ཐབས་མེད་ནའང་། དུ་ཞགས་ཀྱི་རི་མོ་ལས་ཁོའི་ཁོག་པ་སྟོང་བ་གཟུགས་བརྙན་དུ་ཤར།ཅུང་ཙམ་ཡི་མ་རངས་པའི་ལྡོམ་པོ་རང་གི་བྱས་ཉེས་སམ་ཕམ་ཁ་དེས་ཡོངས་སུ་མནན་ནས་གཉིད་ཐབས་བྱས་ཀྱང་། རྨི་ལམ་ཡང་བུ་མོ་དེ་དང་འདྲ་བར་ཁོ་དང་རིང་དུ་གྱེས།

ལྡོམ་པོས་རང་ཉིད་འཇིག་རྟེན་འདི་དང་གཏན་ནས་མཐུན་ཐབས་མེད་པར་འདོད་མོད། རང་སྲོག་རང་གིས་བཅད་ནས་འཆི་བ་ལ་ཁྱོན་ནས་བྲེལ་བ་ལངས་ཀྱིན་མེད།ཁོས་དགེ་ཆོས་ཀྱི་གསུང་ཚིག་ཅིག་ཡང་ཡང་ཟློ་བར་བྱེད་དེ།

“རོ་དང་མཚུངས་པའི་ལུས་པོ་འདི། །

ག་དུས་ཤི་ཡང་མི་འགྱོད་དེ། །

གསེར་དང་མཚུངས་པའི་རྣམ་དཔྱོད་དག །

མཉམ་དུ་ཤི་ན་ཤིན་ཏུ་ཕངས ། །”

མཚམས་ཤིག་ལ། ཁོས་ཡང་བསྐྱར་རང་གི་སྙིང་གི་འཕར་ལྡིང་ལ་སེམས་ཁྲལ་བྱས་ཀྱང་གྲག་འགུལ་ཅི་ཡང་མེད་སོང་།    དེ་ཡང་མི་སྐྱོན་དེ།  རྒྱུན་འབྱམས་སུ་སོང་བའི་གོམས་གཤིས་ལ་ལར་རང་གིས་དོ་སྣང་བྱས་ཀྱང་དེ་ལས་ཅི་ཡང་རྙེད་རྒྱུ་མེད་པ་དེ་རེད།  ལྡོམ་པོར་མཚོན་ནའང་དེ་ལས་མ་འདས་མོད། རྣམ་དཔྱོད་ལྡན་པའི་བུ་མོ་དེ་རང་དང་ཁ་བྲལ་བ་ནི་ཤིན་ཏུ་འགྱོད་གདུང་ཆེ་བ་ཞིག་རེད། དེ་མིན།  ཁོ་ཡང་སྟོང་སང་སང་གི་མི་ཞིག་ཏུ་འགྱུར་མི་སྲིད་ལ་དེ་བས་ཀྱང་བུ་མོ་དེར་བྲིས་པའི་སྙན་ངག་གི་རྒྱུན་ག་ལ་ཆད།

མུན་པ་ཅུང་ཇེ་དྭངས་སུ་གྱུར།  ཤར་ཕྱོགས་ཀྱི་གྲོང་མཐའ་ནས་སྐྱ་རེངས་ཀྱི་གསལ་ཆ་ག་ལེར་ཕྱེ་བྱུང་། ལྡོམ་པོས་རང་གི་ཁོག་པའི་ནང་གི་སུ་ཞིག་ཕྱིར་གསོན་པ་བཞིན“མི་ཚོས་ངེས་པར་རྟག་བརྟན་གྱི་བྱ་དངོས་ཁ་ཤས་ལས་སླ་བོར་བྱུང་བ་མིན་པའི་བསམ་པ་བཅང་དགོས”ཞེས་པའི་སྐད་ཆ་དེ་ཡིད་ལ་དྲན་བྱུང་། འོན་ཀྱང་། ཞོགས་པ་རེ་རེར་ལྡོམ་པོའི་སྒེའུ་ཁུང་ཁ་རུ་བབས་པའི་ཕུག་རོན་དཀར་པོ་དེ་མཐོང་རྒྱུ་མ་བྱུང་། །

མཆན་འགྲེལ།

①《གླུ་སྐད་སྐྱ་བོསྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་ཞིག་གི་མིང་།

②《ཇ་ཤིང་མེ་ཏོག་མཡི་ནང་གི་ཚིག་གཡར་བ།

③《ནད་ཁང་ཨང་ཉེར་དྲུག་པཡི་ནང་གི་ཚིག་གཡར་བ།

④《མི་ཆེན་གྱི་མེ་ཏོག་ར་བདབྱིན་ཇིའི་བྱིས་སྒྲུང་རྩོམ་པ་པོ་གྲགས་ཅན་ཨོ་སུ་ཁ་བཱང་ཨར་ཏིའི་བརྩམས་ཆོས་ཤིག་གི་མིང་།

 ཁ་ཧྥུ་ཁའི་སྐད་ཆ་ཞིག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།