ཞིང་ཆེན་སྲིད་གཞུང་གིས2019ལོར་སྲིད་ཇུས་གལ་ཆེན་དོན་འབེབས་གང་ལེགས་བྱེད་མཁན་ས་ཁུལ་དང་ལས་ཁུངས་ལ་གཟེངས་བསྟོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་བརྡ་ཁྱབ་སྤེལ་དོན། འགག་སྒོ་ཆེན་པོ་གསུམ་གཏོར་བ་དང་ཞིང་གྲོང་དར་སྤེལ་གྱི་འཐབ་ཇུས་ལག་བསྟར། ནང་མཁོ་རྒྱ་བསྐྱེད། གསར་གཏོད་སྒུལ་ཤུགས་ལ་སྐུལ་སྤེལ། དམངས་ཚིས་ལེགས་བཅོས་དང་འགན་སྲུང་སོགས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དམ་འཛིན་དོན་འཁྱོལ་གྱི་ཆ་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ས་གནས41དང་། ལས་ཁུངས6ལ་གཟེངས་བསྟོད་ཡར་སྐུལ་བྱས་པ་མ་ཟད། དེ་མཚུངས་མ་དངུལ་དང་ལས་གཞི། ས་ཞིང་སོགས་ཀྱི་རྣམ་པའི་སྟེང་ནས་ཡར་སྐུལ་དང་རྒྱབ་སྐྱོར་བྱེད་ཐབས་སྣ14བཏོན།

བརྡ་ཁྱབ་ནང་བསྟན་པ་ལྟར། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པས། བཅོས་སྒྱུར་གཏན་འཇགས་ངང་སྤེལ་བའི་ཕྲག་གི་འོས་འགན་ལྕི་ལ་དཀའ་ཁག་ཤིན་ཏུ་ཆེ། པྲོག་གསར་ནད་དུག་ཕྱོགས་ནས་ཚོད་བགམ་གསར་པར་འཕྲད། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཐད་ལ་ཡང་དཀའ་ཁག་ཆེན་པོར་འཕྲད་དེ་ཕྲག་གི་འོས་འགན་སྔར་ལས་ལྕི་ལ་སེམས་ཀྱི་རེ་བ་སྔར་ལས་མཐོ་བས། ས་གནས་ཁག་དང་ལས་ཁུངས་ཁག་གི་ཁ་ཞེ་གཉིས་ངེས་པར་དུ་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཐོག་འབེབས་སུ་འཇུག་དགོས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ཆ་ཚང་ལག་བསྟར་དོན་འཁྱོལ་དང་། ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གཉིས་གཅིག་གྱུར་སྐུལ་འདེད་བཏང་ནས་བཅོས་སྒྱུར་གསར་གཏོད་ལ་ཤུགས་རྒྱག་དགོས། “གཏན་འཇགས་དྲུག” ཏན་ཏིག་སྤེལ་ནས་“འགན་སྲུང་དྲུག”གི་འོས་འགན་དོན་འཁྱོལ་བྱེད་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་མེད་པར་བཟོས་ནས་འགྱུར་ལྡོག་དང་ཚོད་བགམ་ཁྲོད་གོ་སྐབས་བསྐྲུན་པར་དམ་འཛིན་དང་། ཉེན་ཁ་གོ་སྐབས་སུ་བསྒྱུར་ནས་གོང་སྤེལ་ལ་སྐུལ་འདེད་ཧུར་ཐག་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་ལ་སྨིན་པར་འགན་ལེན་བྱ་དགོས་པ་བསྟན།

ཐེངས་འདིའི་གཟེངས་བསྟོད་ཡར་སྐུལ་གྱི་ས་ཁུལ་དང་ལས་ཁུངས་ཀྱི་མིང་ཐོའི་ནང་ཁྱོན་བསྡོམས་ཚོ་ཆུང14བཀར་ཡོད་ཅིང་། དེ་ལས་ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་དམིགས་འབེན་འོས་འགན་ཚད་བརྒལ་ལེགས་འགྲུབ་བྱུང་བའི་ས་ཁུལ་དང་ལས་ཁུངས་ནི། ཡུལ་ཤུལ་ཁུལ་དང་མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། ཞིང་ཆེན་ནུས་ཁོངས་ཅུས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་། ཞིང་ཆེན་ནགས་རྩྭ་ཅུས། རྨ་ཆུ་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཀུང་སི། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི། ཚན་རིག་གསར་གཏོད་ཀྱི་སྒུལ་ཤུགས་གསར་པ་དང་ནུས་པ་གསར་པ་ལྡན་པའི་རྫོང་ཁོངས་གསར་གཏོད་ཚོད་ལྟ་བྱེད་ས་ཕུལ་བྱུང་ས་ཁུལ་དུར་ལམ་རྫོང་བཅས་རེད། མང་ཚོགས་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བ་རོགས་སྐྱོབ་ཐད་དཔྱད་ཞིབ་གདེང་འཇོག་མཐོ་བའི་ཕུལ་བྱུང་ས་ཁུལ་ནི། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། མགོ་ལོག་ཁུལ་བཅས་ཁུལ་དྲུག་དང་། མཁར་ཤར་ཁུལ། རྟ་ཐང་རྫོང་། རྐང་ཚ་རྫོང་། འབྲི་སྟོད་རྫོང་། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ལུང་མདོ་རྫོང་། གཅན་ཚ་རྫོང་། བྲག་དཀར་རྫོང་། དར་ལག་རྫོང་བཅས་རེད། ནོར་སྲིད་དོ་དམ་ཕྱོགས་བསྡུས་ལས་ཕྱོད་ཐད་ཞིབ་དཔྱད་གདེང་འཇོག་མཐོ་བའི་ཕུལ་བྱུང་ས་ཁུལ་ནི། ཟི་ལིང་གྲོང་ཁྱེར། མཚོ་བྱང་ཁུལ། མཚོ་ལྷོ་ཁུལ། རྟ་ཐང་རྫོང་། ན་གོར་མོ་གྲོང་ཁྱེར། མཁར་ནུབ་ཆུས། ཁྲི་ཀ་རྫོང་། གསེར་ཆེན་རྫོང་། དམར་གཙང་ཆུས། དུར་ལམ་རྫོང་། མཁར་དབུས་ཆུས། གཞོང་ཐང་རྫོང་། ཧོར་གྲོང་རྫོང་། མཁར་བྱང་ཆུས། རྒྱ་མདོ་རྫོང་། ཡུལ་ཤུལ་གྲོང་ཁྱེར། རྩེ་ཁོག་རྫོང་། མདོ་ལ་རྫོང་བཅས་རེད།  ལས་ཞུགས་ལས་གཏོད་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ལ་ཡར་སྐུལ་དང་རྒྱབ་སྐྱོབ་ཆེན་པོ་བྱས་ཏེ་ལས་ཤོར་དང་ལས་ཞུགས་ཐུབ་མེད་པའི་མི་དཀའ་ཁག་ཅན་དང་། དཀའ་ངལ་འདྲ་མིན་འཕྲད་ནས་ལས་ཞུགས་ལས་གཏོད་ཐུབ་མེད་པ་རྣམས་ལས་ཞུགས་ལས་གཏོད་ཀྱི་ལམ་ཁརབཅུག་པའི་ཕུལ་བྱུང་ས་ཁུལ་ནི། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ་བཅས་རེད། ས་ཞིང་བེད་སྤྱོད་ཀྱི་ཤུགས་ཆེ་ཞིང་། ས་ཞིང་གྲོན་ཆུང་དང་ལེགས་བསྡུ་སྲིད་ཇུས་དོན་འཁྱོལ་བྱས་པ་ལེགས་པའི་ས་ཁུལ་ནང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ། ཡུལ་ཤུལ་ཁུལ། མཚོ་ལྷོ་ཁུལ་བཅས་ཚུད། ལོ་ཧྲིལ་པོར་སྡོད་ཁུལ་རྙིང་བ་ལེགས་སྒྱུར་ཐད་དཔྱད་ཞིབ་གདེང་འཇོག་མཐོ་བའི་ཕུལ་བྱུང་ས་ཁུལ་གྱི་ནང་དུ། མཁར་ནུབ་ཁུལ་དང་། མཁར་དབུས་ཁུལ། དམར་གཙང་ཆུས། ན་གོར་མོ་གྲོང་ཁྱེར་བཅས་འདུ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དུས་རིམ་བར་མའི་ལས་ཕྱོད་ལ་དཔྱད་ཞིབ་གདེང་འཇོག་མཐོ་བའི་ཕུལ་བྱུང་ས་ཁུལ་ནང་དུ། རེབ་གོང་རྫོང་མདོ་བ་གྲོང་རྡལ། གསེར་ཆེན་རྫོང་རྟ་ནག་མ་གྲོང་རྡལ། ཡ་རྫི་རྫོང་བིས་མདོ་ཡུལ་ཚོ་བཅས་འདུ། གཞུང་གཉེར་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་ཀྱི་འབྲས་བུ་ཅུང་མངོན་གསལ་ཡིན་པའི་ས་ཁུལ་ནང་། རྨ་ལྷོ་ཁུལ། མགོ་ལོག་ཁུལ་གཉིས་འདུ། ནགས་རྩྭ་སྐོར་གྱི་ཐོན་སྐྱེད་ལས་འགན་ཁག་དོན་འཁྱོལ་ཤུགས་ཆེན་བྱས་ཤིང་། རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་དང་རང་བྱུང་སྲུང་སྐྱོབ་བྱེད་ས་འཛུགས་སྐྱོང་ལ་སོགས་ཀྱི་ལས་ཀའི་དམིགས་འབེན་དང་ལས་འགན་ལ་དཔྱད་ཞིབ་གདེང་འཇོག་མཐོ་བའི་ཕུལ་བྱུང་ས་ཁུལ་ནང་། རྟ་ཐང་རྫོང་། གཞོང་ཐང་རྫོང་། ལུང་མདོ་རྫོང་། བ་ཡན་རྫོང་། དབུས་ལམ་རྫོང་། ཁྲི་ཀ་རྫོང་། མདའ་བཞི་རྫོང་། འབྲི་སྟོད་རྫོང་། རྨ་ཆེན་རྫོང་། དར་ལག་རྫོང་། རེབ་གོང་རྫོང་བཅས་འདུ། སྨན་བཅོས་འགན་སྲུང་གི་ལས་འགན་འགྲུབ་ཅིང་མང་ཚོགས་ཀྱི་ཡིད་ཞེ་ནས་ཚིམ་པའི་ས་ཁུལ་ནང་། མཚོ་ལྷོ་ཁུལ། ཟི་ལིང་གྲོང་ཁྱེར། མགོ་ལོག་ཁུལ་བཅས་འདུ། ལོ་ཧྲིལ་པོར་མཁའ་དབུགས་གཙང་བའི་དམིགས་འབེན་དང་ལས་འགན་གཙོ་བོའི་ལས་ཕྱོད་དམིགས་འབེན་འགྲུབ་པའི་ས་ཁུལ་ནང་། ཟི་ལིང་གྲོང་ཁྱེར། ཡུལ་ཤུལ་ཁུལ་གཉིས་འདུ། གཟེངས་བསྟོད་དང་ཡར་སྐུལ་གྱི་རིགས་མི་འདྲ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་། ཞིང་ཆེན་སྲིད་གཞུང་གི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར། ས་ཁུལ་ཁག་གིས“710”ལས་ཀའི་ལམ་ལུགས་དོན་འཁྱོལ་སོགས་སྤྱི་ལ་གཞིགས་ཏེ། ཞིང་ཆེན་སྲིད་གཞུང་གིས་ཡང་བསྐྱར་བསྟོད་བསྔགས་དང་ཡར་སྐུལ་ངེས་ཅན་བྱས་པའི་ས་ཁུལ་ཁྲོད། ཟི་ལིང་གྲོང་ཁྱེར། མཚོ་ལྷོ་ཁུལ། རྨ་ལྷོ་ཁུལ། ལུང་མདོ་ཆུས། ན་གོར་མོ་གྲོང་ཁྱེར། ཁྲི་ཀ་རྫོང་། རྐང་ཚ་རྫོང་། འབྲི་སྟོད་རྫོང་། རྨ་ཆེན་རྫོང་བཅས་ཚུད།

ཤེས་གསལ་ལྟར་ན། ཞིང་ཆེན་སྲིད་གཞུང་གིས་དྲང་ཕྱོགས་ཡར་སྐུལ་གྱི་ལམ་ལུགས་འཐུས་ཚང་དུ་གཏང་དགོས་པའི་རེ་བ་ལྟར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས2019ལོ་ནས་བཟུང་བསྟུད་མུར་ལོ་གཉིས་ནང་། འབྲེལ་ཡོད་སྲིད་ཇུས་འགངས་ཆེན་དམ་འཛིན་ནན་འཛིན་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་མཁན་གྱི་ས་ཁུལ་ལ་གཟེངས་བསྟོད་ཡར་སྐུལ་བྱས་ཤིང་། འཚོལ་ཞིབ་ཀྱི་ལས་ལ་སྤོབས་པ་ཆེན་པོ་བསྐྱེད་དེ་ཁག་ཁུར་འགན་སྒྲུབ་པར་ཡར་སྐུལ་བྱེད་དགོས་པའི་ལྟ་བ་གསལ་བྱས་པར་ཞིང་ཆེན་ཡོངས་ནས་དང་ལེན་ལེགས་པོ་བྱུང་ལ། ཕན་འབྲས་ཀྱང་བཟང་པོ་ཐོབ། ད་སྔ་ཡར་སྐུལ་དོན་ཚན་ཁག་སྒྲིག་འཛུགས་དང་ལག་བསྟར་བྱེད་མཁན་སྡེ་ཚན་གྱིས་གཟེངས་བསྟོད་ཡར་སྐུལ་གྱི་བྱེད་ཐབས་མངོན་དུ་ཕྱོགས་པར་དམ་འཛིན་དང་། ས་གནས་ཁག་གིས་ཡར་སྐུལ་གྱི་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱེད་པར་སློབ་སྟོན་བྱ་བཞིན་ཡོད། ཡར་སྐུལ་མ་དངུལ་འདི་ནི་གཙོ་བོ་ས་ཁུལ་ཁག་ཏུ་བཀོད་སྒྲིག་བརྒྱབ་པའི་རྨང་གཞི་སྒྲིག་ཆས་སྐོར་གྱི་ལས་གཞི་དང་། དམངས་ཚིས་ལས་གཞིའི་མ་དངུལ་ཆ་ཚང་། གཞི་རིམ་གྱི་འཁོར་སྐྱོད་འགན་སྲུང་ལ་སོགས་པའི་ཐད་སྤྱད་དེ་གཟེངས་བསྟོད་ཡར་སྐུལ་གྱི་ནུས་པ་དོན་ལ་ཕན་པར་འགན་ལེན་བྱ་བ་ཞིག་ཡིན་པ་རེད།

ཁོན་ཐར་འཚོས་བསྒྱུར།