【མཚོ་སྔོན་ཚོང་མོལ་ཚོགས་ཆེན་གྱི་སྟ་གོན།】

— རང་ཞིང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཚོང་མོལ་གྲོས་ཚོགས་སྐབས་རིམས་ནད་འགོག་ཟོན་གྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན་ལྟར་ན།ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་དངུལ་གཏོང་འཇོག་ཚོང་དོན་ཚོང་མོལ་གྲོས་ཚོགས་སྐབས21པ་བདེ་བླག་ངང་འཚོག་རྒྱུར་འགན་ལེན་བྱ་ཆེད། རང་རེའི་ཞིང་ཆེན་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ལ་གཞི་བཙུགས་ཏེ། སྐབས་འདིའི་མཚོ་སྔོན་གྱི་ཚོང་མོལ་གྲོས་ཚོགས་སྐབས། རང་རེའི་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་སྣོན་བརྒྱབ་ནས། རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུ་རེད། མགྱོགས་མྱུར་ཚུར་སྣང་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས། འགྲེམས་ཚོགས་བདེ་འཇགས་དང་བདེ་བླག་ངང་གཉེར་ཐུབ་པར་འགན་ལེན་བྱས་པ་རེད།

སྐབས་འདིའི་མཚོ་སྔོན་ཚོང་མོལ་གྲོས་ཚོགས་ཐོག ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་རིགས་གཅིག་མཁས་ཅན་ཚོ་ཆུང་དང་། རིམས་ནད་རིག་པའི་བརྟག་དཔྱད་མཛུབ་ཁྲིད་ཚོ་ཆུང་། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ལག་རྩལ་མཛུབ་ཁྲིད་ཚོ་ཆུང་། འཕྲལ་སྡོམ་ཐག་གཅོད་ཚོ་ཆུང་བཅས་ཆེད་ལས་མཁས་པ་བཞིའི་མཛུབ་ཁྲིད་ཚོ་ཆུང་བཅས་བཙུགས་ཡོད། སྨན་བཅོས་སྲོག་སྐྱོབ་རིགས་གཅིག་མཁས་ཅན་ཚོ་ཆུང་གིས་ནད་དཔེ་བརྟག་དཔྱད་དང་། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་མྱུར་སྐྱོབ་བྱེད་པ། སྨན་ཁང་དུ་དུག་སེལ་ལོགས་བཀར་བྱེད་པ། སྨན་བཅོས་མི་སྣའི་མི་སྒེར་གྱི་འགོག་སྲུང་སོགས་ཀྱི་བྱ་བར་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ་དང་། རིམས་ནད་རིག་པའི་བརྟག་དཔྱད་མཛུབ་ཁྲིད་ཚོ་ཆུང་གིས་གློ་ནད་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་། བསྡུ་རུབ། སྙན་ཞུ། དབྱེ་ཞིབ། བརྟག་དཔྱད་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་འགན་ཁུར་ཏེ། དུས་ཐོག་ཏུ་ནད་རིགས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་བྱེད་ཐབས་གྲོས་འགོ་ཕན་འབྲས་དཔྱད་དཔོག་སོགས་འདོན་པ་དང་། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ལག་རྩལ་མཛུབ་ཁྲིད་ཚོ་ཆུང་གིས་ནད་རྐྱེན་རིག་པ་དང་དྭངས་ཁྲག་རིག་པའི་དངོས་དཔེ་འཚོལ་བསྡུ་དང་ཞིབ་བཤེར། སྐྱེ་དངོས་བདེ་འཇགས་སོགས་ཀྱི་བྱ་བར་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ། འཕྲལ་སྡོམ་ཐག་གཅོད་ཚོ་ཆུང་གིས་གློ་ཚད་ཀྱི་རིམས་ནད་གསར་པ་བརྟག་དཔྱད་ཐག་གཅོད་དང་། ཟུར་གཅོད་ཁུལ་ཆེ་ཆུང་དབྱེ་འབྱེད། རིམས་ནད་ཐོན་ཁུལ་མེད་པར་བཟོ་བ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་རྗེས་འདེད་གཏོང་བ། ཡུལ་དངོས་ནས་ཐག་གཅོད་མཛུབ་ཁྲིད་དང་དེའི་ཕན་འབྲས་ལ་གདེང་འཇོག་བཅས་བྱེད་འགན་འཁུར་རྒྱུ་ཡིན་པ་རེད།

དེ་མིན། ཚོགས་ར་གཙོ་བོ་དང་དེ་བཞིན་སྣེ་ལེན་མགྲོན་ཁང་དུ་ལོགས་བཀར་གསོ་རིག་ལྟ་ཞིབ་ས་ཚིགས་བཙུགས་ནས་རིམས་ནད་ཀྱི་ཉེན་ཁ་ཐོན་པ། འཕྲལ་ཐག་ཆོད་པོས་ཟུར་འཇོག་སོགས་ཀྱི་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པ། གནམ་ཐང་དང་། མེ་འཁོར་འབབ་ཚུགས། འགྲུལ་སྐྱེལ་ས་ཚིགས་སོགས་སྤྱི་པའི་འགྲིམ་འགྲུལ་བྱེད་སར་འགྲིམ་འགྲུལ་རིམས་བཤེར་བྱེད་པ་དང་། འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པར་ལུས་དྲོད་ཚད་འཇལ་ཐོ་འགོད་བྱེད་པ་དང་འབྲེལ་རིགས་དབྱེའི་དོ་དམ་བྱེད་ཀྱི་ཡོད་པ་རེད། བདེ་ཐང་ཨང་རྟགས་ལམ་ལུགས་འདོན་སྤེལ་གང་ལེགས་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ལྷུ་ཚིགས་ཁག་དབར་སྲུབས་མེད་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་ལ། མཇུག་འགྲིལ་མཛད་སྒོ་དང་གཙོ་དོན་གླེང་སྟེགས་སོགས་གཙོ་གནད་གནས་ཡུལ་དུ་དུས་ཐོག་ཏུ་རླུང་རྒྱུ་བ་དང་དབུགས་རྒྱུ་བ། དུག་སེལ་གཙང་མ་བཅས་བྱ་དགོས། ལུས་དྲོད་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་སྒྲིག་སྦྱོར་བྱ་དགོས། ཉིན་ལྟར་འགྲོ་འོང་བྱེད་མཁན་གྱི་ལུས་དྲོད་བརྟག་དཔྱད་དང་ཐོ་འགོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཁང་པ་ཕྱིར་གཏོང་ནང་འདྲེན་བྱེད་སྐབས་རང་འགུལ་ལུས་དྲོད་ཞིབ་དཔྱད་ཚད་ལེན་གྱི་གནས་དང་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་ལུས་དྲོད་ཞིབ་དཔྱད་ཚད་ལེན་གྱི་ཐོ་འགོད་བྱེད་དགོས། བྱ་བ་ཏན་ཏིག་བསྒྲུབས་ནས“སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་སྙན་ཞུ། སྔ་མོ་ནས་ལོགས་བཀར། སྔ་མོ་ནས་སྨན་བཅོས”བཅས་ཐུབ་པར་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།