2020ལོའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ཕྱིར་འཐེན་བྱས་པ།


ད་སྔར། གོ་ལ་ཧྲིལ་པོས་རིམས་ནད་འགོག་ཟོན་བྱེད་སྒང་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་འགོག་ཟོན་སྤྱིའི་བླང་བྱ་གཞིར་བཟུང་སྟེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མཛུབ་སྟོན་བསམ་འཆར་དགོངས་དོན་ལྟར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འགན་ལེན་བྱ་ཆེད། མཚོ་སྔོན་པོར་སྐོར་པ་རྒྱག་པའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་ཞིབ་འཇུག་ཐག་གཅོད་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། དེ་སྔ་གཏན་འཁེལ་བྱས་ཟིན་པའི2020ལོའི་ཟླ7པའི་ཚེས26ནས་ཟླ8པའི་ཚེས2ཉིན་བར་མཚོ་སྔོན་ནས་སྤེལ་འཆར་ཡོད་པའི2020ལོའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་བཅུ་དགུ་པ་ཕྱིར་འཐེན་བྱས།

2021ལོར། ང་ཚོས་ཆེད་ལས་ཅན་དང་རྒྱལ་སྤྱི་ཅན། ཁྲོམ་ར་ཅན་གྱི་འཕེལ་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གསར་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་པ་ཤུགས་ཆེར་སྤེལ་རྒྱུ་ཡིན་པས་ཀུན་པོས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རྒྱུ་མཁྱེན། གཞན། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་ལ་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་བྱེད་བཞིན་པའི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག འགྲན་ཞུགས་རུ་ཁག འགྲན་སྡུར་ལ་རོགས་སྐྱོར་བྱེད་མཁན། གསར་འགྱུར་སྨྱན་སྦྱོར་དང་རྒྱ་ཆེའི་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ།

མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་རྩ་འཛུགས་ཨུ་ཡོན་ལྷན་ཁང་།

2020ལོའི་ཟླ6པའི་ཚེས29ཉིན།

ལོ་ཙཱ་བ། ཤ་མོ་འཚོ།